Thursday, 1 May 2014

ཐེག་པ་ཆེན་པོའི་ས་ལམ་གྱི་རྣམ་བཞག་མདོར་བསྡུས་གོ་བདེར་བྱས་པ་ཤེར་དཀར་མེ་ལོང་།

<རིག་ཁམས་རྣམ་པར་དག་པའི་མཁའ་དབྱིངས་སུ། མཁྱེན་དང་བརྩེ་བའི་བསིལ་ཟེར་འབུམ་འཁྱིལ་ཞིང་། དང་པོའི་སེམས་མཆོག་ཟླ་བ་ཚེས་པ་ནས། སྒྲིབ་བྲལ་སེམས་ཀྱི་ཟླ་བ་ཉ་བའི་བར། ས་དང་ལམ་གྱི་བགྲོད་པ་མི་འགོག་པའི། སར་གནས་སེམས་དཔའི་ཚོགས་ལ་གུས་པས་འདུད།།br />
ལམ་གྱི་ངོ་བོ།  གང་ཞིག་ཉམས་སུ་བླངས་བས་འབྲས་བུ་བྱངས་ཆུབ་གསུམ་པོ་གང་རུང་ཐོབ་པར་བྱེད་པའི་ཆོས་སམ་ཐབས་སོ།  འཇིག་རྟེན་ན་ལམ་ལ་ཞུག་ཏེ་སོང་བས་རང་གང་དུ་འགྲོ་འདོད་པའི་ཡུལ་དུ་སླེབས་པ་བཞིན། ཐེག་པ་གསུམ་གྱི་ཆོས་ཉམས་སུ་བླངས་བ་ལས་འབྲས་བུ་བྱང་ཆུབ་གསུམ་པོ་ཅི་རིགས་པ་ཐོབ་པར་བྱེད་པས་ན།  ལམ་ཞེས་བྱའོ།  དེ་ལ་དབྱེ་ན།  ཉན་ཐོས་ཀྱི་ལམ་དང་།  རང་རྒྱལ་གྱི་ལམ།  བྱང་སེམས་ཀྱི་ལམ་གསུམ།  གང་དུ་ཞུག་པས་རང་འབྲས་དགྲ་བཅོམ་གྱི་སར་ཕྱིན་པར་བྱེད་པའི་ཐབས་སམ་ཆོས་དེ་། ཉན་ཐོས་ལམ་གྱི་མཚན་ཉིད། དབྱེ་ན་ཉན་ཐོས་ཀྱི་ལམ་ལྔ། གང་ལ་ཞུག་པས་རང་འབྲས་རང་སངས་རྒྱས་ཀྱི་སར་ཕྱིན་པར་བྱེད་པའི་ཐབས་སམ་ཆོས་དེ་རང་རྒྱལ་ལམ་གྱི་མཚན་ཉིད།  དབྱེ་ན་རང་རྒྱལ་གྱི་ལམ་ལྔ། གང་ཞིག་ཉམས་སུ་བླང་པས་རང་འབྲས་སངས་རྒྱས་ཀྱི་སར་ཕྱིན་པར་བྱེད་པའི་ཐབས་སམ་ཆོས་དེ་བྱང་སེམས་ལམ་གྱི་མཚན་ཉིད། དབྱེ་ན་བྱང་སེམས་ཀྱི་ལམ་ལྔའོ།   དེ་དག་ལས་འདིར་བྱང་སེམས་ཀྱི་ལམ་ཉིད་བྱེ་བྲག་ཏུ་བཤད་པ་ལ་ལྔ། ཚོགས་ལམ།   སྦྱོར་ལམ། མཐོང་ལམ།  བསྒོམ་ལམ། མི་སློབ་པའི་ལམ་བཤད་པའོ།   སྟོང་ཉིད་ཀྱི་དོན་ལ་ཞི་ལྷག་གི་རྣལ་འབྱོར་མ་ཐོབ་པས་ལུས་ངག་གི་ཚོགས་གསོག་དང་གཙོ་བོར་འབྲེལ་བའི་ལམ་ཚོགས་ལམ་གྱི་ངོ་བོ།  མིང་གཞན།  ཆོས་མངོན་རྟོགས་ཞེས་བྱ་སྟེ། གསུངས་རབ་ཀྱི་ཚིགས་དོན་གཉིས་ལས་གཙོ་བོར་ཆོས་ཚིགས་ཙམ་རྒྱུད་ལ་སྐྱེ་བའི་གནས་སྐབས་ཡིན་པས་སོ།   ཐེག་ཆེན་སེམས་བསྐྱེད་ནམ་རྒྱུད་ལ་སྐྱེས་པ་ན་གང་ཟག་དེ་ཚོགས་ལམ་པར་འཇོག་པ་ཡིན་ནོ།   སྟོང་ཉིད་ཀྱི་དོན་ལ་ཞི་ལྷག་ཀྱི་རྣལ་འབྱོར་ཐོབ་ཀྱང་མངོན་སུམ་དུ་མ་རྟོགས་པའི་སྐབས་ཀྱི་ལམ།  སྦྱོར་ལམ་གྱི་ངོ་བོ། མིང་གཞན་དོན་མངོན་རྟོགས་ཞེས་བྱ་སྟེ། གསུངས་རབ་ཀྱི་ཚིགས་དོན་གཉིས་ལས་ཚིགས་ཙམ་མ་ཟད་དོན་ཞི་ལྷག་གི་རྣལ་འབྱོར་ཚུལ་བཞིན་རྒྱུད་ལ་སྐྱེས་པས་ནའོ། སྟོང་ཉིད་ཐོག་མར་མངོན་སུམ་དུ་རྟོགས་པའི་ལམ།   མཐོང་ལམ་གྱི་ངོ་བོ།   མིང་གཞན་བདེན་པ་མངོན་རྟོགས་ཅེས་བྱ་སྟེ།  བདེན་བཞིའི་དོན་ཐོགས་མར་མངོན་སུམ་དུ་རྟོགས་པས་ནའོ།   སྟོང་ཉིད་མངོན་སུམ་དུ་མཐོང་བའི་དོན་ལ་ཡང་ཡང་གོམ་པར་བྱེད་པའི་ལམ།  བསྒོམ་ལམ་གྱི་ངོ་བོ། མིང་གཞན་རྗེས་ལ་མངོན་རྟོགས་ཞེས་བྱ་སྟེ།  བདེན་བཞིའི་གནས་ལུགས་མངོན་སུམ་དུ་རྟོགས་པ་མཐོང་ལམ་གྱི་རྗེས་ལ་སྐྱེས་པའི་མངོན་རྟོགས་ཡིན་པས་ནའོ། སྟོང་ཉིད་ཀྱི་དོན་ལ་གོམ་པ་རབ་ཀྱི་མཐར་ཕྱིན་པས་སྒྲིབ་གཉིས་ཟད་པར་པར་སྤངས་བའི་ལམ།  མི་སློབ་ལམ་ཀྱི་ངོ་བོ། མིང་གཞན་བྱང་ཆུབ་ཅེས་བྱ་སྟེ།  སྤང་བྱ་མ་ལུས་པ་བྱང་ཤིང།  རྟོགས་བྱ་མཐའ་དག་ཁོང་དུ་ཆུབ་པས་ནའོ།   ཚོགས་ལམ་ལ་ཆེ་འབྲིང་ཆུང་གསུམ་ལས། ཚོགས་ལམ་ཆུང་ངུའི་སྐབས་ན།   དྲན་པ་ཉེར་བཞག་བཞི་བསྒོམ་པའོ།   དྲན་པ་ཉེར་བཞག་བཞི་ནི།  ལུས་དྲན་པ་ཉེ་བར་བཞག་པ།   ཚོར་བ་དྲན་པ་ཉེ་བར་བཞག་པ།  སེམས་དྲན་པ་ཉེ་བར་བཞག་པ།  ཆོས་དྲན་པ་ཉེ་བར་བཞག་པ་བཞིའོ།   ཚོགས་ལམ་འབྲིང་གི་སྐབས་སུ་ཡང་དག་སྤོང་བ་བཞི་བསྒོམ་པའོ།    ཡང་དག་སྤོང་བ་བཞི་ནི།  གཉེན་པོ་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་།   སྐྱེས་པ་མི་ཉམ་ཤིང་གོང་དུ་སྤེལ་བ།   མི་དགེ་བའི་ཆོས་སྐྱེས་པ་སྤོང་བ་དང་།    མ་སྐྱེས་པ་མི་བསྐྱེད་པའོ།    ཚོགས་ལམ་ཆེན་པོ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་མོ།   རྫུ་འཕྲུལ་གྱི་རྐང་པ་བཞི་ནི།   འདུན་པའི་ཏིང་ངེ་འཛིན་གྱི་རྐངཔ།   དཔྱོད་པའི་ཏིང་ངེ་འཛིན་གྱི་རྐང་པ།   མོས་པའི་ཏིང་ངེ་འཛིན་གྱི་རྐང་པ་དང་།   སེམས་པའི་ཏིང་ངེ་འཛིན་གྱི་རྐང་དང་པ་བཞིའོ།   སྦྱོར་ལམ་ལ།   དྲོད།  རྩེ་མོ།  བཟོད་པ།   ཆོས་མཆོག་ཏེ་བཞི་ལས།   དྲོད་རྩེ་རྒྱུ་འབྲས་གཉིས་ལ།  དབང་པོ་ལྔ་དང་ལྡན་ནོ།   དབང་པོ་ལྔ་ནི།   དད་པའི་དབང་པོ།  བརྩོན་འགྲུས་ཀྱི་དབང་པོ།  དྲན་པའི་དབང་པོ། ཏིང་ངེ་འཛིན་གྱི་དབང་པོ།   ཤེས་རབ་ཀྱི་དབང་པོ་དང་ལྔའོ།   བཟོད་མཆོག་རྒྱུ་འབྲས་གཉིས་ལ།   སྟོབས་ལྔ་དང་ལྡན་ནོ།   སྟོབས་ལྔ་ནི།   དད་པའི་སྟོབས།   བརྩོན་འགྲུས་ཀྱི་སྟོབས།   དྲན་པའི་སྟོབས།   ཏིང་ངེ་འཛིན་གྱི་སྟོབས།  ཤེས་རབ་ཀྱི་སྟོབས་དང་ལྔའོ།   མཐོང་ལམ་ལ་དབྱེ་ན་བཟོད་ཤེས་བཅུ་དྲུག།   དེ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་ཏེ།   འདུན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག།  བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག།   དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག།   ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག།   ཤིན་ཏུ་སྦྱང་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག།  དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག།   བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་བདུན་ནོ།  སྒོམ་ལམ་ལ་དབྱེ་ན་ས་གཉིས་པ་ནས་བཅུ་པའི་བར་གྱི་སྒོམ་ལམ་སྐོར་དགུའོ།   དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་ཏེ།  ལྟ་བ་འཕགས་པའི་འཕགས་པའི་ལམ་གྱི་ཡན་ལག།  རྟོགས་པ་འཕགས་པའི་ལམ་གྱི་ཡན་ལག།   འཚོ་བ་འཕགས་པའི་ལམ་གྱི་ཡན་ལག།   རྩོལ་བ་འཕགས་པའི་ལམ་གྱི་ཡན་ལག། དྲན་པ་འཕགས་པའི་ལམ་གྱི་ཡན་ལག།   ཏིང་ངེ་འཛིན་འཕགས་པའི་ལམ་གྱི་ཡན་ལག།   ངག་འཕགས་པའི་ལམ་གྱི་ཡན་ལག། ལས་ཀྱི་མཐའ་འཕགས་པའི་ལམ་གྱི་ཡན་ལག་དང་བདུན་ནོ།  ས་ཡི་ངོ་བོ། རྣམ་དཀར་ཀྱི་ཡོན་ཏན་དུ་མའི་གཞིར་གྱུར་པའི་ལམ་ཞུག་ཀྱི་མངོན་པར་རྟོགས་པའོ།  སྤྱིར་ས་ཙམ་ལ་དབྱེ་བའི་སྒོ་རྣམ་པ་བཞི་སྟེ། སྐྱེ་འཕགས་ཀྱིས་དབྱེ་བ་དང་། ཐོབ་ཚུལ་གྱིས་དབྱེ་བ། གྲུབ་ཚུལ་གྱིས་དབྱེ་བ། སྤང་བྱ་ང་རྒྱལ་གྱི་སྒོ་ནས་དབྱེ་བའོ།དང་པོ་སྐྱེ་འཕགས་གི་སྒོ་ནས་དབྱེ་ན། ཚོགས་སྦྱོར་གཉིས་ནི་སོ་སྐྱེའི་ས་དང་། མཐོང་སྒོམ་གཉིས་ནི་འཕགས་པའི་སའོ། གཉིས་པ་ཐོབ་ཚུལ་གྱིས་དབྱེ་ན། ཆོས་རྣམས་ལ་མོས་པ་གཙོ་བོར་སྤྱོད་པས་འཇུག་པ་མོས་པས་ཐོབ་པའི་ས་དང་། ཆོས་སྤྱོད་བཅུ་ལ་ཇི་ལྟར་འདོད་པ་བཞིན་འཇུག་པ་སྤྱོད་པས་ཐོབ་པའི་ས། ས་དང་པོ་ཡན་ཆད་ཆོས་ཉིད་མངོན་སུམ་དུ་ཤེས་པ་རྟོགས་པས་ཐོབ་པའི་ས་དང་། ཁྱད་པར་དུ་ས་བརྒྱད་པ་ཡན་ཆད་འབད་མེད་ལྷུན་གྲུབ་ཏུ་འཇུག་པས་གྲུབ་པས་ཐོབ་པའི་ས་ཞེས་བྱ་བ་སྟེ། མདོ་སྡེ་རྒྱན་ལས། ས་ཐོབ་པ་ནི་མོས་དང་། སྤྱོད་པ་དག་ལ་འཇུག་པ་དང་། རྟོགས་པའི་ཕྱིར་དང་ས་རྣམས་ནི། གྲུབ་པའི་སྒོ་ནས་རྣམ་པ་བཞི། ཞེས་སོ། གསུམ་པ་གྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། ཚོགས་སྦྱོར་གྱི་གནས་སྐབས་མོས་པས་སྤྱོད་པའི་ས་ནི་མ་གྲུབ་པ་དང་། མཐོང་སྒོམ་གྱི་གནས་སྐབས་ལྷག་བསམ་རྣམ་དག་གི་ས་ནི་གྲུབ་པ་དང་། གྲུབ་པ་ལའང་དང་པོ་ནས་བདུན་པའི་བར་ནི་འབད་རྩོལ་དང་བཅས་པའི་ཆ་ནས་མ་གྲུབ་པ་དང་། བརྒྱད་པ་ཡན་ཆད་འབད་རྩོལ་མེད་པའི་ཕྱིར་གྲུབ་པ་ཞེས་བྱ་བ་རྣམ་པ་བཞི་ཏེ། མདོ་སྡེ་རྒྱན་ལས། ས་རྣམས་ཐམས་ཅད་མ་གྲུབ་དང་། གྲུབ་པ་དག་ཏུ་ཤེས་པར་བྱ། གྲུབ་པ་དག་ཀྱང་མ་གྲུབ་དང་། གྲུབ་པ་དག་ཏུ་ཡང་འདོད་དོ། ཞེས་གསུངས་སོ། བཞི་པ་སྤང་བྱ་ང་རྒྱལ་གྱི་སྒོ་ནས་དབྱེ་ན། མོས་པས་སྤྱོད་པའི་ས་ང་རྒྱལ་མང་བ་དང་། མ་དག་ས་བདུན་ང་རྒྱལ་ཕྲ་བ་དང་། དག་པ་ས་གསུམ་ང་རྒྱལ་མེད་པ་དང་གསུམ་སྟེ། དེ་ཉིད་ལས། ང་རྒྱལ་མང་དང་ང་རྒྱལ་ཕྲ། ང་རྒྱལ་མེད་པ་དག་ཏུ་འདོད། ཅེས་གསུངས་པ་ལྟར་རོ། བྱེ་བྲག་འཕགས་སའི་ངོ་བོ་ནི། རྨད་དུ་བྱུང་བའི་ཡོན་ཏན་རྒྱ་མཚོ་ལྟ་བུའི་གཞི་རྟེན་དུ་གྱུར་པའི་འཕགས་རྒྱུད་ཀྱི་མངོན་པར་རྟོགས་པ་དེའོ།  ངེས་ཚིགས་ནི།  འཇིག་རྟེན་ན་སས་རྩི་ཤིང་ནགས་ཚལ་སོགས་བསྐྱེད་ཅིང་སྣ་ཚོགས་པའི་རིན་པོ་ཆེའི་གཏེར་འཛིན་པ་བཞིན་དུ་འཕགས་རྒྱུད་ཀྱི་མངོན་པར་རྟོགས་པ་འདི་དག་གིས་ཀྱང་རྣམ་དཀར་ཀྱི་འབྲས་བུ་ཚད་མེད་པ་བསྐྱེད་ཅིང་སྤངས་བ་དང་རྟོགས་པའི་ཡོན་རྟེན་རིན་པོ་ཆེའི་གཏེར་འཛིན་པས་ན་ས་ཞེས་བརྗོད་དོ།  དབྱེ་ན་མཐོང་ལམ་ནས་རྒྱུན་མཐའི་བར་གྱིས་བསྡུས་པའི་ས་བཅུའོ།  དེ་ཡང་སྤངས་བྱ་ལ་ཀུན་བརྟགས་དང་ལྷན་སྐྱེས་གཉིས་སུ་ངེས་པའི་རྒྱུ་མཚན་གྱིས་དེ་སྤོང་བྱེད་ཀྱི་གཉེན་པོ་ལ་ཡང་མཐོང་སྒོམ་གཉིས་སུ་གྲངས་ངེས་པའོ།   ཡང་སྤངས་བྱ་ཀུན་བཏགས་ནི་གནས་ཚུལ་མཐོང་བ་ཙམ་གྱིས་སྤོང་བས་ན་དེའི་གཉེན་པོ་མཐོང་ལམ་ལ་དབྱེ་བ་མེད་ཅིང་།  སྤངས་བྱ་ལྷན་སྐྱེས་ནི་ཡུན་རིང་གོམ་པའི་སྟོབས་ཀྱིས་སྤོང་བས་ན་སྤངས་བྱ་ལ་སྐོར་དགུའི་དབྱེ་བ་འབྱུང་བ་བཞིན་དེ་སྤོང་བྱེད་ཀྱི་གཉེན་པོ་ལ་ཡང་སྒོམ་ལམ་སྐོར་དགུ་ཡོད་དོ།  ཡང་ན་རྟོགས་པའི་ཡོན་ཏན་ཕར་ཕྱིན་བཅུའི་གྲངས་ཀྱིས་ས་བཅུར་ངེས་པ་སྟེ། ས་དང་པོར་སྦྱིན་པའི་ཕར་ཕྱིན་དང་གཉིས་པར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པ་ནས་བཅུ་པར་ཡེ་ཤེས་ཀྱི་ཕར་ཕྱིན་ལྷག་པའི་བར་དུའོ།  ས་བཅུའི་ངོ་བོ་དང་ཡོན་རྟེན་རིམ་གྱིས་བཤད་པ་ལ།   ས་དང་པོའི་ངོ་བོ།  སྤངས་བྱ་ཀུན་བརྟགས་ཀྱི་གཉེན་པོ་དང་ཡོན་རྟེན་བརྒྱ་ཕྲག་བཅུ་གཉིས་ཀྱི་རྟེན་བྱེད་པའི་འཕགས་རྒྱུད་ཀྱི་མངོན་རྟོགས།    མིང་གི་ཁྱད་པར་རབ་ཏུ་དགའ་བའོ།  ངེས་ཚིགས་གི་ཁྱད་པར་ནི།   ས་དེ་ཐོབ་པས་བྱང་ཆུབ་ལ་ཉེ་བ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་རང་སྟོབས་ཀྱིས་དངོས་སུ་བསྒྲུབ་ནུས་པར་མཐོང་བས།  སེམས་ལ་སྔར་མེད་ཀྱི་དགའ་བ་རྒྱ་ཆེན་པོ་འབྱུང་བས་ན་རབ་ཏུ་དགའ་བ་ཞེས་བྱ་སྟེ།   མདོ་སྡེ་རྒྱན་ལས།   བྱང་ཆུབ་ལ་ནི་ཉེ་བ་དང་།  སེམས་ཅན་དོན་འགྲུབ་མཐོང་བས་ན།  རབ་ཏུ་དགའ་བ་སྐྱེ་འགྱུར་སྟེ།  དེ་ཕྱིར་རབ་དགའ་ཞེས་བརྗོད་དོ།  ཞེས་གསུངས།   ས་དེ་ལ་ཡོན་རྟེན་གྱི་ཁྱད་པར་དུ་མ་ཞིག་ཡོད་པ་ལས།  ཐོག་མར་ཕར་ཕྱིན་ལྷག་པའི་ཁྱད་པར་ནི།   ས་དེར་ཕར་ཕྱིན་དྲུག་ཀ་དང་ལྡན་ན་ཡང་ལྟོས་འཇོག་ཀྱིས་སྦྱིན་པའི་ཕར་ཕྱིན་ཆེས་ལྷག་པར་འབྱུང་བ་སྟེ།   མདོ་སྡེ་ས་བཅུ་པ་ལས།   ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ལས།   དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བ་ཡིན་ཏེ།  ལྷག་མ་རྣམས་ཀྱང་མི་བསྒྲུབ་པ་ནི་མ་ཡིན་ནོ།  ཞེས་གསུངས་སོ།  སྐྱེ་བ་འཛིན་པའི་ཁྱད་པར།     ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ།  ཕལ་ཆེར་འཛམ་བུའི་གླིང་ལ་དབང་བའི་རྒྱལ་པོར་གྱུར་ནས་དབུལ་བའི་སྡུག་བསྔལ་སེལ་བ་སོགས་སེམས་ཅན་གྱི་དོན་མཛད་པ་སྟེ།   རིན་ཆེན་ཕྲེང་བ་ལས།   དེ་ཡི་རྣམ་པར་སྨིན་པས་ནི།   འཛམ་གླིང་དབང་ཕྱུག་ཆེན་པོར་འགྱུར།  ཞེས་སོ།   མཐོང་བའི་ཁྱད་པར།     དུས་སྐད་ཅིག་ཡུད་ཙམ་ལ་སངས་རྒྱས་རྒྱའི་ཞལ་མཐོང་བ་དང་།   དེ་དག་གིས་བྱིན་གྱིས་བརླབས་པའང་ཤེས་སོ།   རྫུ་འཕྲུལ་གྱི་ཁྱད་པར།   འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་དང་།   དེ་དག་འོད་ཀྱིས་སྣང་བར་བྱེད་པ།   སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་བ་དང་།    རང་གི་ལུས་བརྒྱ་ཕྲག་ཏུ་སྤྲུལ་ནུས་པའོ།    རྨི་ལམ་གྱི་ཁྱད་པར།   རྗེས་ཐོབ་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཏེར་ཆེན་པོ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་གང་བར་རྨི་བའོ།   སྙོམས་པར་འཇུག་པའི་ཁྱད་པར།   ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཐོབ་ཅིང་དུས་སྐད་ཅིག་ཡུད་ཙམ་རེར་ཡང་དེ་དག་ལ་སྙོམས་པར་འཇུག་པའོ། ཆོས་སྟོན་པའི་ཁྱད་པར།   དུས་དེ་ཙམ་ལ་ཆོས་ཀྱི་སྒོ་བརྒྱ་འབྱེད་ཅིང་སེམས་ཅན་བརྒྱ་སྨིན་པར་བྱེད་དོ།   རྟོགས་པའི་ཁྱད་པར།  དེས་བདག་གཞན་མཉམ་པ་ཉིད་དུ་གཟིགས་པས་ཆོས་དབྱིངས་རྒྱུད་ཐམས་ཅད་ལ་ཀུན་དུ་འགྲོ་བའི་དོན་དུ་རྟོགས་པའོ།   སྤངས་བའི་ཁྱདཔར།   སྤང་བྱ་ཀུན་བརྟགས་ཀྱི་ཆ་མ་ལུས་པ་སྤོང་བའོ།   རྣམ་པར་དག་པའི་ཁྱད་པར།   ས་བཅུ་པ་ལས།   དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་མཁས་པ་དག་གིས་ཅི་ཙམ་ཅི་ཙམ་མེར་བསྲེགས་པ། དེ་ཙམ་དེ་ཙམ་དུ་བྱང་བ་དང་ཡོངས་སུ་དག་པ་དང་།   ཅི་དགར་ལས་སུ་རུང་བར་འགྱུར་རོ།   དེ་བཞིན་དུ་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་པ་དེའི་དགེ་བའི་རྩ་བ་ཡང་རབ་ཏུ་བྱང་བ་དང་ཡོངས་སུ་དག་པ་དང་།  ཅི་དགར་ལས་སུ་རུང་བར་འགྱུར་རོ། ཞེས་སོ།  ཡོངས་སུ་བསྲུང་བའི་ཁྱད་པར།   རིན་ཆེན་ཡང་དག་འཆགས་ཅེས་བྱ་བའི་ཏིང་ངེ་འཛིན་གྱིས་ཐོབ་ཅིང་བྱིན་གྱིས་བརླབས་པ་ཞེས་བྱ་བའི་གཟུངས་ཀྱིས་སྲུང་བའོ།    ཡོངས་སུ་སྦྱང་བའི་ཁྱད་པར་ནི།  གཞི་ཐམས་ལ་ལ་གྱ་གྱུ་མེད་པའི་བསམ་པ་སོགས་ཆོས་བཅུ་ལ་སྦྱང་པས་ས་དེ་ཐོབ་ཅིང་རྣམ་པར་དག་པར་འགྱུར་ཏེ།  མངོན་རྟོགས་རྒྱན་ལས་གྱ་གྱུ་མེད་སེམས་སྦྱང་བ་དང་།  ཞེས་སོགས་གསུངས་པ་ལྟར་རོ། ས་གཉིས་པའི་ངོ་བོ།   དུས་སྐད་ཅིག་རེར་སངས་རྒྱས་སྟོང་གི་ཞལ་མཐོང་བ་དང་ཏིང་ངེ་ཀྱི་སྒོ་སྟོང་ལ་སྙོམས་པར་འཇུག་པ་སོགས་ཡོན་ཏན་དུ་མའི་གཞིར་གྱུར་པའི་འཕགས་རྒྱུད་ཀྱི་མངོན་རྟོགས།  མིང་གི་ཁྱད་པར་དྲི་མ་མེད་པའོ།   ངེས་ཚིག་གི་ཁྱད་པར།   ས་འདིར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པར་འབྱུང་བས་ན་འཆལ་བའི་ཚུལ་ཁྲིམས་དང་།  ཐེག་དམན་ཡིད་ལ་བྱེད་པར་དོགས་པའི་རྩོལ་བའི་དྲི་མ་ཕྲ་མོ་ཙམ་ཡང་མེད་པས་ན་དྲི་མ་མེད་པའི་ས་ཞེས་བྱ་སྟེ།  མདོ་སྡེ་རྒྱན་ལས།  འཆར་ཚུལ་རྩོལ་བའི་དྲི་བྲལ་ཕྱིར།   དྲི་མ་མེད་པའི་ས་ཞེས་བྱ།   ཞེས་དང།  རིན་ཆེན་ཕྲེང་བ་ལས།   ལུས་དང་ངག་དང་སེམས་ཀྱི་ལས། བཅུ་ཆར་དྲི་མ་མེད་པའི་ཕྱིར།  ཞེས་གསུངས།  སྐྱེ་བའི་ཁྱད་པར།   ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕལ་ཆེར་གླིང་བཞི་ལ་དབང་བའི་འཁོར་ལོས་བརྒྱུར་བའི་རྒྱལ་པོར་གྱུར་ནས་སེམས་ཅན་རྣམས་མི་དགེ་བ་ལས་བཟློག་ནས་དགེ་བཅུའི་ལམ་ལ་འགོད་པར་མཛད་པ་སྟེ།  དེ་ཡི་རྣམ་པར་སྨིན་པས་ནི། དཔལ་ལྡན་རིན་ཆེན་བདུན་དག་གི། འགྲོ་ཕན་འཁོར་ལོས་བསྒྱུར་བར་འགྱུར། ཞེས་པ་བཞིན་ནོ།   ཕར་ཕྱིན་ལྷག་པའི་ཁྱད་པར།   ཕར་འདིར་ཕར་ཕྱིན་དྲུག་ཀ་ལྡན་ན་ཡང་ལྟོས་འཇོག་ཀྱིས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པར་འབྱུང་བའོ།   མཐོང་བའི་ཁྱད་པར།  དུས་སྐད་ཅིག་ཡུད་ཙམ་ལ་སངས་རྒྱས་སྟོང་གི་ཞལ་མཐོང་བའོ།   རྫུ་འཕྲུལ་གྱི་ཁྱད་པར།   རང་གི་ལུས་སྟོང་དུ་སྤྲུལ་པ་དང་།   སངས་རྒྱས་ཀྱི་སྟོང་དུ་འགྲོ་བ། འཇིག་རྟེན་གྱི་ཁམས་སྟོང་གཡོ་བ་དང་དེ་དག་འོད་ཀྱིས་སྣང་བར་བྱེད་ནུས་པའོ།  རྨི་ལམ་གྱི་ཁྱད་པར།    རྗེས་ཐོབ་ཏུ་སྟོང་གསུམ་ལག་མཐིལ་ལྟར་མཉམ་པ་ལ་རིན་པོ་ཆེ་དུ་མས་ལེགས་པར་བརྒྱན་པ་རྨི་བའོ།   སྙོམས་པར་འཇུག་པའི་ཁྱད་པར།  དུས་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་གྱི་སྒོ་མི་འདྲ་བ་སྟོང་ལ་སྙོམས་པར་འཇུག་གོ།   ཆོས་སྟོན་པའི་ཁྱད་པར། དུས་དེ་ཙམ་ལ་ཆོས་ཀྱི་ སྒོ་མི་འདྲ་བ་སྟོང་འབྱེད་པ་དང་།   སེམས་ཅན་སྟོང་སྨིན་པར་བྱེད་དོ།    རྟོགས་པའི་ཁྱད་པར།   རྡུལ་དང་འདྲེས་པའི་གསེར་བཞིན་ཆོས་ཀྱི་དབྱིངས་མཆོག་གི་དོན་དུ་རྟོགས་པས་རྣམ་པ་ཐམས་དུ་བདག་གིས་ཡོངས་སུ་སྦྱང་བ་ལ་བརྩོན་པར་བྱའོ་སྙམ་དུ་སེམས་སོ།    དེ་ལྟར་ཡང་དབུས་མཐའ་ལས།  ཀུན་ཏུ་འགྲོ་དོན་མཆོག་གི་དོན། ཞེས་སོ།   སྤོང་བའི་ཁྱད་པར།   སྒོམ་སྤང་ཆེ་སྐོར་གསུམ་ལས་འབྲིང་སྤོང་བའོ།    རྣམ་པར་དག་པའི་ཁྱད་པར།    རྒྱུ་གསུམ་གྱིས་དགེ་བའི་རྩ་བ་རྒྱ་ཆེ་བ་རྣམ་པར་དག་པར་འགྱུར་ཏེ།   དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་དག་གིས་མཚུར་གྱིས་བཀུས་ནས་མེར་བཅུག་ན།   དེ་བས་ཀྱང་དྲི་མ་ཐམས་ཅད་དང་བྲལ་བར་འགྱུར་རོ།    དེ་བཞིན་དུ་ས་གཉིས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ནི།   སྔར་བས་ཀྱང་ཆེས་རྣམ་པར་དག་པ་དང་།   བྱང་བ་དང་ལས་སུ་རུང་བར་འགྱུར་རོ།    ཞེས་གསུངས་སོ། རྨི་ལམ་གྱི་ཁྱད་པར།   རྗེས་ཐོབ་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཏེར་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་གང་བར་རྨི་བའོ།     ཡོངས་སུ་སྦྱོང་བའི་ཁྱད་པར་།    ཚུལ་ཁྲིམས་དང་།   བྱས་པ་གཟོ་བ་སོགས་ཡོངས་སུ་སྦྱོང་བ་བཅུས་ས་དེ་ཐོབ་ཅིང་རྣམ་པར་དག་འགྱུར་བའོ།  ཡོངས་སུ་བསྲུང་བའི་ཁྱད་པར།  གནས་མེད་པའི་ཏིང་ངེ་འཛིན་གྱིས་ཐོབ་ཅིང་། གནས་ཀྱིས་མི་ཐུབ་པ་ཞེས་བྱ་བའི་གཟུངས་ཀྱིས་བསྲུང་ངོ།     ས་གསུམ་པའི་ངོ་བོ།    སངས་རྒྱས་འབུམ་གྱི་ཞལ་མཐོང་བ་དང་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ལ་སྙོམས་པར་འཇུག་པ་སོགས་ཡོན་ཏན་བརྒྱ་ཕྲག་དུ་མའི་གཞིར་གྱུར་པའི་འཕགས་རྒྱད་ཀྱི་མངོན་པར་རྟོགས་པའོ།     མིང་གི་ཁྱད་པར་འོད་བྱེད་པའོ།    ངེས་ཚིག་གི་ཁྱད་པར།   ས་འདིར་རང་གི་ལུས་སྲོག་ལ་མི་བལྟ་བར་ཆོས་འཚོལ་བས་རང་ངོས་ནས་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྣང་བ་གསལ་བདང་།   གཞན་དག་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པའི་ཕྱིར་ན་འོད་བྱེད་པ་ཏེ།    མདོ་སྡེ་རྒྱན་ལས།   ཆོས་ཀྱི་སྣང་བ་ཆེན་པོ་ནི།   བྱེད་པའི་ཕྱིར་ན་འོད་བྱེད་པའོ། ཞེས་དང་།  རིན་ཆེན་ཕྲེང་བ་ལས།   ས་གསུམ་པ་ནི་འོད་བྱེད་པ།   ཡེ་ཤེས་ཞི་བའི་འོད་འབྱུང་ཕྱིར།  ཞེས་གསུངས།   ཡང་ན་ས་དྲུག་པའི་ཤེར་ཕྱིན་ཤེས་སྒྲིབ་ཀྱི་བུད་ཤིང་བསྲེགས་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་སྣང་བ་ཟང་ཀྱི་འོད་ལྟར་འབྱུང་བས་ན་འོད་བྱེད་པ་ཏེ།  དབུ་མ་འཇུག་པ་ལས།    ཤེས་བྱའི་བུད་ཤིང་མ་ལུས་བསྲེགས་པའི་མེའི།  འོད་འབྱུང་ཕྱིར་ན་ས་ནི་གསུམ་འདི།  འོད་བྱེད་པ་སྟེ་བདེ་གཤེགས་སྲས་པོ་ལ།   དེ་ཚེ་ཉི་ལྟར་ཟང་འདྲའི་སྣང་བ་འབྱུང་།    ཞེས་སོ།  སྐྱེ་བའི་ཁྱད་པར།   ས་འདི་ལ་གནས་པའི་བྱང་སེམས་ཕལ་ཆེ་བ་ལྷ་ཡི་དབང་པོ་བརྒྱ་བྱིན་དུ་གྱུར་ནས་སེམས་ཅན་རྣམས་ཀྱི་འདོད་པའི་ཆགས་པ་བཟློག་པར་མཛད་པ་སྟེ།  རིན་ཕྲེང་ལས། འདོད་པའི་འདོད་ཆགས་བཟློག་པ་ཡིན། ཞེས་སོ། མཐོང་བའི་ཁྱད་པར།   དུས་སྐད་ཅིག་ཡུད་ཙམ་ལ་སངས་རྒྱས་འབུམ་གྱི་ཞལ་མཐོང་ངོ་།    རྫུ་འཕྲུལ་གྱི་ཁྱད་པར།   རང་གི་ལུས་འབུམ་དུ་སྤྲུལ་བ་དང་སངས་རྒྱས་ཀྱི་ཞིང་འབུམ་ལ་འགྲོ་བ།    འཇིག་རྟེན་གྱི་ཁམས་འབུམ་གཡོ་བ་དང་དེ་དག་འོད་ཀྱིས་སྣང་བར་བྱེད་ནུས་པའོ།   རྨི་ལམ་གྱི་ཁྱད་པར།    རྗེས་ཐོབ་ཏུ་རང་ཉིད་དཔའ་ཞིང་བརྟན་ལ་མཚོན་ཆ་དང་གོ་ཆ་ཐོག་ཏེ་ཕལ་རྒོལ་མཐའ་དག་འདུལ་བར་རྨི་བའོ།    སྙོམས་པར་འཇུག་པའི་ཁྱད་པར།  དུས་སྐད་ཅིག་ལ་ཏིང་ངེ་འཛིན་གྱི་སྒོ་མི་འདྲ་བ་འབུམ་ལ་སྙོམས་པར་འཇུག་པའོ།    ཆོས་སྟོན་པའི་ཁྱད་པར།   དུས་སྐད་ཅིག་རེར་ཆོས་ཀྱི་སྒོ་མི་འདྲ་བ་འབུམ་འབྱེད་པ་དང་སེམས་ཅན་འབུམ་ཕྲག་སྨིན་པར་བྱེད་དོ།   རྟོགས་པའི་ཁྱད་པར།   ས་གསུམ་པར་ཆོས་ཀྱི་དབྱིངས་དེ་རྒྱུ་མཐུན་པས་ཐོབ་པའི་དོན་གྱི་མཆོག་ཏུ་རྟོགས་པས་ན།   དེ་དངོས་རྒྱུད་ཀྱིས་བརྗོད་བྱར་བྱས་པའི་ཚིགས་སུ་བཅད་པ་རེ་རེའི་ཕྱིར་ཡང་སྟོང་གསུམ་མེ་འོབ་ཀྱི་ནང་དུ་བདག་ཉིད་མཆོང་ཞིང་བརྒལ་བར་བྱེད་དོ།   དེ་ལྟར་ཡང་དབུས་མཐའ་ལས།   རྒྱུ་མཐུན་དོན་གྱི་མཆོག་ཉིད་དང་།   ཞེས་གསུངས་སོ།    སྤོང་བའི་ཁྱད་པར།  ཆོས་དབྱིངས་རྒྱུ་མཐུན་པའི་དོན་དུ་མ་རྟོགས་པའི་གནས་ངན་ལེན་ནམ་སྒོམ་སྤོང་ཆེ་སྐོར་གསུམ་གྱི་ཆུང་ངུ་སྤོང་བའོ།  རྣམ་པར་དག་པའི་ཁྱད་པར།   དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་མཁས་པའི་ལག་ཏུ་བསྲེལ་བ་ན། དང་པོའི་སྲང་གྲངས་ཀྱི་ཚད་ལས་ཉུང་དུ་མི་འགྲོ་བར།   སྐྱོན་དང་དྲི་མ་ཐམས་ཅད་ཟད་པར་བྱེད་དོ།   དེ་བཞིན་དུ་ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་མི་འགྲིབ་པར་གནས་ཤིང་། ཤིན་ཏུ་དག་དང་བྱང་བ་དང་ལས་སུ་རུང་བར་འགྱུར་རོ།    ཞེས་སོ། ཡོངས་སུ་སྦྱངས་བའི་ཁྱད་པར།  ཐོས་པས་མི་ངོམས་པ་ལ་སོགས་པ་ཆོས་ལྔ་ལ་བསླབ་པས་ས་དེ་ཐོབ་ཅིང་རྣམ་པར་དག་པར་འགྱུར་བ་སྟེ། ཐོས་པས་མི་ངོམས་ཉིད་དང་ནི། ཟང་ཟིང་མེད་པར་ཆོས་སྦྱིན་དང་། ཞེས་སོགས་གསུངས་པ་ལྟ་བུའོ། ས་བཞི་པའི་ངོ་བོ།   སངས་རྒྱས་བྱེ་བ་ཕྲག་བརྒྱའི་ཞལ་མཐོང་ཞིང་ཏིང་ངེ་འཛིན་གྱི་སྒོ་བྱེ་བ་ཕྲག་བརྒྱ་ལ་སྙོམས་པར་འཇུག་པ་སོགས་ཡོན་ཏན་དུ་མའི་གཞིར་གྱུར་པའི་འཕགས་རྒྱུད་ཀྱི་མངོན་རྟོགས།    མིང་གི་ཁྱད་པར་འོད་འཕྲོ་བའོ།  ངེས་ཚིག་གི་ཁྱད་པར།   ས་དེར་སྒྲིབ་གཉིས་བསྲེག་པར་བྱེད་པ་ཡེ་ཤེས་ཀྱི་མེའི་འོད་འཕྲོ་བས་ན་མིང་དེ་སྐད་སྨོས་པ་ཏེ།  རིན་ཆེན་ཕྲེང་བ་ལས།    འདི་ལྟར་བྱང་ཆུབ་མི་མཐུན་ཆོས།   རབ་ཏུ་བསྲེགས་བྱེད་འོད་ལྟ་བུ།   དེ་དང་ལྡན་ཕྱིར་ས་དེ་ནི།   གཉིས་པོ་བསྲེག་པས་འོད་འཕྲོ་ཅན། ཞེས་གསུངས།  ཕར་ཕྱིན་ལྷག་པའི་ཁྱད་པར།   ས་དེར་ཕར་ཕྱིན་དྲུག་ཀ་ལྡན་མོད་ལྟོས་འཇོག་གིས་བཙོན་འགྲུས་ཀྱི་ཕར་ཕྱིན་ལྷག་པར་འབྱུང་བའོ།   སྐྱེ་བའི་ཁྱད་པར།   ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕལ་ཆེ་བ་ལྷའི་རྒྱལ་པོ་རབ་འཐབ་བྲལ་དུ་གྱུར་ནས་སེམས་ཅན་རྣམས་ཀྱི་འཇིགས་ཚོགས་ཀྱི་ལྟ་བ་འཇོམ་པར་བྱེད་པ་སྟེ།   ཇི་སྐད་དུ། རབ་འཐབ་བྲལ་གནས་ལྷ་རྒྱལ་འགྱུར།   འཇིག་ཚོགས་ལྟ་བ་རབ་འབྱུང་བ།  ཀུན་ནས་འཇོམ་བྱེད་མཁས་པ་ཡིན།  ཞེས་སོ། མཐོང་བའི་ཁྱད་པར།  སངས་རྒྱས་བྱེ་བ་ཕྲག་བརྒྱའི་ཞལ་མཐོང་བའོ།  རྫུ་འཕྲུལ་གྱི་ཁྱད་པར།  རང་གི་ལུས་བྱེ་བ་ཕྲག་བརྒྱར་སྤྲུལ་ཅིང་།  སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བརྒྱར་འགྲོ་བ།  འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་གཡོ་ཞིང་དེ་དག་འོད་ཀྱིས་སྣང་བར་བྱེད་པའོ།   རྨི་ལམ་གྱི་ཁྱད་པར། ཕྱོགས་བཞི་ནས་རླུང་གི་དཀྱིལ་འཁོར་བཞིས་ཐམས་ཅད་དང་ལྡན་པའི་ས་ཆེན་པོ་ལ་མེ་ཏོག་སྣ་ཚོགས་འཐོར་བར་རྨི་བའོ།   སྙོམས་པར་འཇུག་པའི་ཁྱད་པར།   དུས་སྐད་ཅིག་ཡུད་ཙམ་རེར་ཡང་ཏིང་ངེ་འཛིན་གྱི་སྒོ་བྱེ་བ་ཕྲག་བརྒྱར་སྙོམས་པར་འཇུག་པའོ།  ཆོས་སྟོན་པའི་ཁྱད་པར།   དུས་སྐད་ཅིག་མ་ཅིག་ལ། ཆོས་ཀྱི་སྒོ་བྱེ་བ་ཕྲག་བརྒྱ་འབྱེད་ཅིང་སེམས་ཅན་བྱེ་བ་ཕྲག་བརྒྱ་སྨིན་པར་བྱེད་པའོ།   རྟོགས་པའི་ཁྱད་པར།  ཆོས་ཀྱི་དབྱིངས་འཛིན་པ་མེད་པའི་དོན་དུ་རྟོགས་པས་ལུང་གི་ཆོས་ལ་ཡང་འཛིན་པ་ལྡོག་པར་མཛད་པ་སྟེ།   ཡོངས་སུ་འཛིན་པ་མེད་དོན་དང་།  ཞེས་གསུངས།  སྤོང་བའི་ཁྱད་པར།  ཆོས་དབྱིངས་འཛིན་པའི་གནས་ཅན་དུ་རྟོག་པའི་གནས་ངན་ལེན་ནམ་སྒོམ་སྤོང་འབྲིང་སྐོར་གསུམ་ལས་འབྲིང་གི་ཆེན་པོ་སྤོང་བའོ།   རྣམ་པར་དག་པའི་ཁྱད་པར།   རྒྱུ་གསུམ་གྱིས་དགེ་བའི་རྩ་བ་རྣམས་རྒྱ་ཆེར་རྣམ་པར་དག་པར་འགྱུར་ཏེ།   དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་མཁས་པས་བྱི་དོར་བྱས་པ་དེ་ལ།  རིན་པོ་ཆེ་སྤུག་གིས་སྤྲས་ན་མཚུངས་པ་མེད་པའི་ཕྱིར་དེ་མ་ཡིན་པའི་གསེར་དག་གིས་མི་འཕྲོག་པ་ཡིན་ནོ།   དེ་བཞིན་དུ་ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ཡང་ཐབས་དང་ཤེས་རབ་ཀྱི་དཔྱད་པས་རྣམ་པར་དག་སྟེ།   ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་རྩས་མི་འཕྲོགས་པ་ཡིན་ནོ།   ཞེས་གསུངས་སོ།   ཡོངས་སུ་སྲུང་བའི་ཁྱད་པར།  ཕྱིར་མི་ལྡོག་པའི་ཏིང་ངེ་འཛིན་དང་། རབ་ཏུ་གནས་པའི་གཟུངས།  གདུལ་དཀའ་བའི་གཟུངས་བཅས་ཀྱིས་བསྲུང་བའོ།  ཡོངས་སུ་སྦྱོང་བའི་ཁྱད་པར། དགོན་པར་གནས་པ་སོགས་ཆོས་བཅུ་ལ་སྤྱད་པས་ས་དེ་ཡོངས་སུ་ཐོབ་པ་དང་རྣམ་པར་དག་པར་འགྱུར་ཏེ། ནགས་གནས་འདོད་ཆུང་ཆོག་ཤེས་དང་། ཞེས་སོ། ས་ལྔ་པའི་ངོ་བོ།  སངས་རྒྱས་བྱེ་བ་ཕྲག་སྟོང་གི་ཞལ་མཐོང་ཞིང་ཏིང་ངེ་འཛིན་གྱི་སྒོ་བྱེ་བ་ཕྲག་སྟོང་ལ་སྙོམས་པར་འཇུག་པ་སོགས་ཡོན་ཏན་དུ་མའི་གཞིར་གྱུར་པའི་འཕགས་རྒྱུད་ཀྱི་མངོན་པར་རྟོགས་པ།   མིང་གི་ཁྱད་པར་སྦྱང་དཀའ་བའོ།  ངེས་ཚིག་གི་ཁྱད་པར།   ས་དེར་གང་ཟག་མི་སྲུན་པ་འགའ་རེས་དྲིན་ལག་པར་མཇལ་བ་ལྟ་བུ་ལོག་བསྒྲུབ་བྱས་ན་ཡང་སེམས་འཁྲུག་ཅིང་ཉོན་མོངས་པར་མི་འགྱུར་བས་ན་སྦྱང་དཀའ་འམ་བསྐྱོད་དཀའ་བའོ།   ས་དེར་ཕར་ཕྱིན་དྲུག་ཀ་ལྡན་ན་ཡང་ལྟོས་འཇོག་གིས་བསམ་གཏན་གྱི་ཕར་ཕྱིན་ཆེས་ལྷག་པར་འབྱུང་བའོ།   སྐྱེ་བ་འཛིན་པའི་ཁྱད་པར།   ས་འདིའི་བྱང་སེམས་ཕལ་ཆེ་བ་དགའ་ལྡན་གནས་ཀྱི་ལྷ་ཡི་བདག་པོར་གྱུར་ནས།  མུ་སྟེགས་ཀྱི་ལྟ་བ་བཟློག་པར་མཛད་ཏེ།   རིན་ཆེན་ཕྲེང་བ་ལས།  དེ་ཡི་རྣམ་པར་སྨིན་པས་ནི།  དགའ་ལྡན་གནས་ཀྱི་ལྷ་རྒྱལ་འགྱུར།  མུ་སྟེག་བྱེད་པ་ཐམས་ཅད་ཀྱི།  ཉོན་མོངས་ལྟ་གནས་བཟློག་པར་བྱེད་།  ཅེས་སོ།  མཐོང་བའི་ཁྱད་པར་དུས་སྐད་ཅིག་ལ་སངས་རྒྱས་བྱེ་བ་ཕྲག་སྟོང་གི་ཞལ་མཐོང་བའོ།   རྫུ་འཕྲུལ་གྱི་ཁྱད་པར།   རངགི་ལུས་བྱེ་བ་ཕྲག་སྟོང་དུ་སྤྲུལ་བ་དང་།  སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་སྟོང་དུ་འགྲོ་བ།  འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་སྟོང་གཡོ་ཞིང་དེ་དག་འོད་ཀྱིས་སྣང་བྱེད་པའོ།   རྨི་ལམ་གྱི་ཁྱད་པར།  རྗེས་ཐོབ་ཏུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་ཀྱི་མགོ་ལ་མེ་ཏོག་ཙམ་པ་ཀའིཕྲེང་བ་འདོགས་པ་རྨི་བའོ།   སྙོམས་པར་འཇུག་པའི་ཁྱད་པར།   ཏིང་ངེ་འཛིན་གྱི་སྒོ་བྱེ་བ་ཕྲག་སྟོང་ལ་སྙོམས་པར་འཇུག་པའོ།    ཆོས་སྟོན་པའི་ཁྱད་པར།   དུས་སྐད་ཅིག་མར་གདུལ་བྱའི་དོན་དུ་ཆོས་ཀྱི་སྒོ་མོ་བྱེ་བ་ཕྲག་སྟོང་གསུངས་ནས་གདུལ་བྱ་དེ་སྙེད་སྨིན་པར་བྱེད་པའོ།   རྟོགས་པའི་ཁྱད་པར།  ས་འདི་ལ་གནས་པས་བདག་གཞན་མཉམ་པ་སོགས་མཉམ་ཉིད་བཅུའི་དོན་རྟོགས་པས་ཆོས་ཀྱི་དབྱིངས་རྒྱུད་ཐ་དད་པ་མེད་པའི་དོན་དུ་གཟིགས་ཏེ།   རིན་ཕྲེང་ལས།  རྒྱུད་རྣམས་ཐ་དད་མེད་དོན་དང་། ཅེས་གསུངས།   སྤོང་བའི་ཁྱད་པར་ཆོས་དབྱིངས་རྒྱུད་ཐ་དད་དུ་ཞེན་པའི་གནས་ངན་ལེན་ནམ་སྒོམ་སྤང་འབྲིང་སྐོར་གསུམ་ལས་འབྲིངགི་འབྲིང་སྤོང་བའོ།   རྣམ་པར་དག་པའི་ཁྱད་པར།  སྔར་ལྟར་རྒྱུ་གསུམ་པོ་དེས་དགེ་བའི་རྩ་བ་རྒྱ་ཆེར་རྣམ་པར་དག་པར་འགྱུར་ཏེ།   ས་བཅུ་པ་ལས།  དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་མཁས་པས་བྱི་དོར་བྱས་པ་དེ་ལ།  རིན་པོ་ཆེ་སྤུག་ཀྱིས་སྤྲས་པ་ན་མཚུངས་པ་མེད་པའི་ཕྱིར།  དེ་མ་ཡིན་པའི་གསེར་དག་གིས་མི་འཕྲོག་པ་ཡིན་ནོ།  དེ་བཞིན་དུ་ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ཡང་ཐབས་དང་ཤེས་རབ་གཉིས་ཀྱི་དཔྱད་པས་རྣམ་པར་དག་སྟེ།   ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བས་མི་འཕྲོག་པ་ཡིན་ནོ།   ཞེས་གསུངས་སོ།   ཡོངས་སུ་སྲུང་བའི་ཁྱད་པར།རིན་པོ་ཆེའི་མེ་ཏོག་གི་ཏིང་ངེ་འཛིན་ཡོན་ཏན་སྣ་ཚོགས་པ་བཀོད་པའི་གཟུངས་ཀྱིས་སྲུང་བའོ།    ཡོངས་སུ་སྦྱང་བའི་ཁྱད་པར།    རྙེད་སོགས་ཀྱི་ཆེད་དུ་ཁྱིམ་པ་དང་འདྲིས་པ་སྤངས་པ་སོགས་བཅུ་དྲུག་གིས་ས་དེ་ཐོབ་ཅིང་རྣམ་པར་དག་པར་འགྱུར་རོ།    སངས་རྒྱས་བྱེ་བ་བརྒྱ་ཕྲག་སྟོང་གི་ཞལ་མཐོང་ཞིང་ཏིང་ངེ་འཛིན་གྱི་སྒོ་བྱེ་བ་བརྒྱ་ཕྲག་སྟོང་ལ་སྙོམས་པར་འཇུག་པ་སོགས་ཡོན་ཏན་བརྒྱ་ཕྲག་དུ་མའི་གཞིར་གྱུར་པའི་འཕགས་རྒྱུད་ཀྱི་མངོན་རྟོགས།   ས་དྲུག་པའི་ངོ་བོ། མིང་གི་ཁྱད་པར་མངོན་དུ་གྱུར་པའོ།    ངེས་ཚིག་གི་ཁྱད་པར།   ས་འདིར་ཤེས་རབ་ཀྱི་ཕར་ཕྱིན་ལྷག་པའི་སྟབས་ཀྱིས་འཁོར་འདས་ཀྱི་གནས་ལུགས་ཟབ་མོ་མངོན་དུ་གྱུར་པས་ན་མིང་དེ་སྐད་ཅེས་བྱ་བ་སྟེ།   རིན་ཕྲེང་ལས།   འཁོར་བ་དང་ནི་མྱ་ངན་འདས། གཉིས་འདིར་མངོན་དུ་གྱུར་པས་ན།   མངོན་དུ་གྱུར་པའི་ས་ཞེས་བཤད། ཅེས་གསུངས།    ཕར་ཕྱིན་ལྷག་པའི་ཁྱད་པར།   ས་འདིར་ཡང་ཕར་ཕྱིན་དྲུག་ཀ་ལྡན་མོད་ལྟོས་འཇོག་གིས་ཤེས་རབ་ཀྱི་ཕར་ཕྱིན་ཆེས་ལྷག་པར་འབྱུང་བའོ།   སྐྱེ་བའི་ཁྱད་པར།   ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕལ་ཆེ་བ་ལྷ་ཡི་རབ་འཕྲུལ་དགར་སྐྱེ་བ་བཞེས་ནས་སེམས་ཅན་ཀྱི་མངོན་པའི་ང་རྒྱལ་ལྡོག་པར་མཛད་པ་སྟེ།   ཇི་སྐད་དུ།  དེ་ཡི་རྣམ་པར་སྨིན་པས་ནི།   ལྷ་ཡི་རྒྱལ་པོ་རབ་འཕྲུལ་དགའ།   ཉན་ཐོས་རྣམས་ཀྱིས་མི་འཕྲོགས་པ།   ལྷག་པའི་ང་རྒྱལ་ཅན་ཞི་བྱེད།  ཅེས་སོ།   སངས་རྒྱས་བྱེ་བ་ཕྲག་བརྒྱ་སྟོང་གི་ཞལ་མཐོང་ཞིང་བྱིན་གྱིས་རློབས་པའོ།   རྫུ་འཕྲུལ་གྱི་ཁྱད་པར།  རང་གི་ལུས་བྱེ་བ་ཕྲག་བརྒྱ་སྟོང་དུ་སྤྲུལ་བ་དང་།   སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བརྒྱ་སྟོང་དུ་འགྲོ་བ།   འཇིག་རྟེན་གྱི་ཞིང་དེ་སྙེད་གཡོ་ཞིང་འོད་ཀྱིས་སྣང་བར་བྱེད་པའོ།   སྙོམས་པར་འཇུག་པའི་ཁྱད་པར།   དུས་སྐད་ཅིག་ཡུད་ཙམ་ལ།   ཏིང་ངེ་འཛིན་གྱི་སྒོ་བྱེ་བ་བརྒྱ་ཕྲག་སྟོང་ལ་སྙོམས་པར་འཇུག་གོ།   ཆོས་སྟོན་པའི་ཁྱད་པར། དུས་དེ་ཙམ་ལ་ཆོས་སྒོ་མི་འདྲ་བ་བྱེ་བ་བརྒྱ་ཕྲག་སྟོང་འབྱེད་པ་དང་སེམས་ཅན་གྱི་གྲངས་དེ་སྙེད་སྨིན་པར་བྱེད་པའོ།  རྟོགས་པའི་ཁྱད་པར།  རྗེས་ཐོབ་ཏུ་ཆོས་ཀྱི་དབྱིངས་ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱང་བ་མ་ཡིན་པའི་གནས་སུ་རྟོགས་ཏེ།  རྟེན་འབྲེལ་ཀྱི་གཤིས་ལ་ཀུན་ཉོན་དང་རྣམ་པར་བྱང་བའི་ཆོས་གང་ཡང་མ་དམིགས་པའི་ཕྱིར་རོ། དེ་སྐད་དུའང། ཉོན་མོངས་རྣམ་དག་མིན་དོན་དང་། ཞེས་སོ།  སྤོང་བའི་ཁྱད་པར།  ཆོས་ཀྱི་རྣམ་པར་དག་པ་མིན་པར་འཛིན་པའི་གནས་ངན་ལེན་ནམ།   སྒོམ་སྤང་འབྲིང་སྐོར་གསུམ་ལས་འབྲིང་གི་ཆུང་ངུ་སྤོང་བའོ།  རྒྱུ་གསུམ་གྱིས་དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པར་འགྱུར་ཏེ།  དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་ལ་གསེར་མགར་མཁས་པས་རིན་པོ་ཆེ་བེཌུརྱས་སྤྲས་པ་ན་མཚུངས་པ་མེད་པའི་ཕྱིར།  དེ་མ་ཡིན་པའི་གསེར་ཐམས་ཅད་ཀྱིས་མི་འཕྲོག་པ་ཡིན་ནོ།   དེ་བཞིན་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ཡང་ཐབས་དང་ཤེས་རབ་ཀྱི་དཔྱད་པས་རྣམ་པར་དག་ཅིང་འོད་གསལ་ཏེ།  དེ་མ་ཡིན་པ་ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་རྩས་མི་འཕྲོག་པ་ཡིན་ནོ།   ཞེས་སོ།   ཡོངས་སུ་སྲུང་བའི་ཁྱད་པར།  ཉི་མའི་དཀྱིར་འཁོར་གཟི་བརྗིད་ཀྱི་གཟུངས་དང་།  ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲོན་མེའི་གཟུངས་ཀྱིས་བསྲུང་བའོ།  ཡོངས་སུ་སྦྱོང་བའི་ཁྱད་པར་སྦྱིན་པ་སོགས་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་བ་ལ་བསླབ་པ་དང་ཉན་རང་ལ་འདོད་པ་སོགས་ཆོས་དྲུག་སྤང་བ་ལ་བསླབ་པ་སྟེ།  ཆོས་བཅུ་གཉིས་ཀྱིས་ས་དེ་ཐོབ་ཅིང་རྣམ་པར་དག་པར་འགྱུར་བའོ།   ས་བདུན་པའི་ངོ་བོ།   སངས་རྒྱས་བྱེ་བ་ཕྲག་ཁྲིག་འབུམ་གྱི་ཞལ་མཐོང་བ་དང་ཏིང་ངེ་འཛིན་གྱི་སྒོ་དེ་སྙེད་ལ་སྙོམས་པར་འཇུག་སོགས་ཡོན་ཏན་བརྒྱ་ཕྲག་དུ་མའི་གཞིར་གྱུར་པའི་འཕགས་རྒྱུད་ཀྱི་མངོན་རྟོགས་དེ་ཡིན།   མིང་གི་ཁྱད་པར་རིང་དུ་སོང་བའོ།   ངེས་ཚིག་གི་ཁྱད་པར།  ས་འདིར་མཚན་རྩོལ་ཞི་བ་བགྲོད་གཅིག་གི་ལམ་ལ་དབང་འབྱོར་བས་མཚན་མར་འཛིན་པའི་རྩོལ་བ་དང་མ་དག་པའི་ས་ལས་རིང་དུ་སོང་བའི་དོན་གྱིས་ན་མིང་དེ་སྐད་ཅེས་བྱ་བ་ཏེ།   རིན་ཕྲེང་ལས།    བགྲོད་ཅིག་ལམ་དང་འབྲེལ་བའི་ཕྱིར། རིང་དུ་སོང་བའི་སར་འདོད་དོ། ཞེས་སོ།   ཕར་ཕྱིན་ལྷག་པའི་ཁྱད་པར།   ས་འདིར་ཕར་ཕྱིན་གཞན་དང་ལྡན་ཡང་རྟེན་འབྲེལ་གྱི་དབང་གིས་ཐབས་ཀྱི་ཕར་ཕྱིན་ལྷག་པར་འབྱུང་བའོ། སྐྱེ་བའི་ཁྱད་པར།  ས་འདིར་གནས་པའི་བྱང་སེམས་ཕལ་ཆེ་བ་ལྷ་ཡི་རྒྱལ་པོ་དབང་བསྒྱུར་དུ་གྱུར་ནས་ཉན་ཐོས་ཀྱི་མངོན་པར་རྟོགས་པ་བསྒྲུབ་པར་མཛད་པ་སྟེ།   དེ་ཡི་རྣམ་པར་སྨིན་པས་ནི།  དབང་བསྒྱུར་ལྷ་ཡི་རྒྱལ་པོར་འགྱུར།  འཕགས་པའི་བདེན་པ་མངོན་རྟོགས་པའི།  སློབ་དཔོན་ཁྱུ་མཆོག་ཆེན་པོར་འགྱུར།ཞེས་གསུངས།     མཐོང་བའི་ཁྱད་པར།   སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་གྱི་ཞལ་མཐོང་ཞིང་དེ་དག་གིས་བྱིན་གྱིས་རློབས་པའོ།   རྫུ་འཕྲུལ་གྱི་ཁྱད་པར།   རང་གི་ལུས་བྱེ་བ་ཁྲག་ཁྲིག་འབུམ་དུ་སྤྲུལ་བ་དང་དང་སངས་རྒྱས་ཀྱི་ཞིང་དེ་སྙེད་དུ་འགྲོ་བ།  འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་འབུམ་གཡོ་ཞིང་དེ་དག་འོད་ཀྱིས་སྣང་བར་བྱེད་པའོ།  རྨི་ལམ་གྱི་ཁྱད་པར།   རྗེས་ཐོབ་ཏུ་གཡས་གཡོན་གཉིས་ན་སེམས་ཅན་དམྱལ་བའི་གཡང་ས་མཐོང་སྟེ།   དེ་ལས་བདག་ཉིད་མ་རྨས་མ་ཉམས་པར་སླར་ལྡོག་པར་རྨི་བའོ།  སྙོམས་པར་འཇུག་པའི་ཁྱད་པར།  ཏིན་ངེ་འཛིན་གྱི་སྒོ་བྱེ་བ་ཕྲག་ཁྲིག་འབུམ་ལ་སྙོམས་པར་འཇུག་པའོ། ཆོས་སྟོན་པའི་ཁྱད་པར།  རྗེས་ཐོབ་ཏུ་ཆོས་ཀྱི་སྒོ་བྱེ་བ་ཁྲག་ཁྲིག་འབུམ་འབྱེད་པ་དང་སེམས་ཅན་གྱི་གྲངས་དེ་སྙེད་སྨིན་པར་བྱེད་པའོ།   རྟོགས་པའི་ཁྱད་པར།  ཆོས་ཀྱི་དབྱིངས་ལུང་གི་མཚན་མའི་རང་བཞིན་དུ་མ་གྲུབ་པར་རྟོགས་པས་མདོ་ལ་སོགས་པའི་མདོ་ལ་སོགས་པ་ཆོས་ཀྱི་མཚན་མ་ཐ་དད་པར་གཟུངས་བའི་རྟོག་པ་མི་འབྱུང་བ་སྟེ། ཐ་དད་མེད་པའི་དོན་ཉིད་དང་། ཞེས་སོ།  སྤོང་བའི་ཁྱད་པར།  ཆོས་ཀྱི་དབྱིངས་ལུང་ཆོས་ཀྱི་མཚན་མར་འཛིན་པའི་གནས་ངན་ལེན་སམ་སྒོམ་སྤོང་འབྲིང་སྐོར་གསུམ་ལས་འབྲིང་གི་ཆུང་ངོ་སྤོང་བའོ།   རྣམ་པར་དག་པའི་ཁྱད་པར།  དཀོན་མཆོག་མཆོད་པ་དང་། སེམས་ཅན་སྨིན་པ། དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་སྟེ་རྒྱུ་གསུམ་གྱིས་དགེ་བའི་རྩ་བ་རྣམས་རྒྱ་ཆེར་རྣམ་པར་དག་པར་འགྱུར་ཏེ།  དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་མཁས་པས་ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་ན་ཤིན་ཏུ་མཛེས་ཏེ། དེ་མ་ཡིན་པའི་འཛམ་བུའི་གླིང་གི་རྒྱན་ཐམས་ཀྱིས་མི་འཕྲོག་པ་ཡིན་ནོ།   དེ་བཞིན་དུ་ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ཡང་ཆེས་རྣམ་པར་དག་པས་ཉན་རང་དང་དེ་མ་ཡིན་པའི་ས་འོག་མ་ལ་གནས་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྣམས་ཀྱིས་མི་འཕྲོག་པ་ཡིན་ནོ།   ཞེས་གསུངས།  ཡོངས་སུ་བསྲུང་བའི་ཁྱད་པར།   དོན་ཐམས་ཅད་གྲུབ་པས་ཁྱད་པར་དུ་བྱས་པ་ཞེས་པའི་གཟུངས་ཀྱིས་སྲུང་བའོ།   ཡོངས་སུ་སྦྱོང་བའི་ཁྱད་པར།   བདག་ཏུ་འཛིན་པ་སོགས་ཉི་ཤུ་སྤངས་ནས་དེ་ལས་བཟློག་པ་རྣམ་ཐར་སྒོ་གསུམ་ཤེས་པ་སོགས་ཉི་ཤུས་ས་དེ་ཐོབ་ཅིང་རྣམ་པར་དག་པར་འགྱུར་བའོ།    ས་བརྒྱད་པའི་ངོ་བོ།  སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འབུམ་ཕྲག་གཅིག་གི་རྡུལ་གྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་མཐོང་བ་དང་ཏིང་ངེ་འཛིན་གྱི་སྒོ་དེ་སྙེད་ལ་སྙོམས་པར་འཇུག་པ་སོགས་ཡོན་ཏན་བརྒྱ་ཕྲག་དུ་མའི་གཞིར་གྱུར་པའི་འཕགས་རྒྱུད་ཀྱི་མངོན་རྟོགས་དེའོ།  མིང་གི་ཁྱད་པར་མི་གཡོ་བའོ།  ངེས་ཚིག་གི་ཁྱད་པར་ས་དེར་མཚན་མ་དང་མཚན་མ་མེད་པའི་འདུ་ཤེས་ཀྱིས་མི་གཡོ་བའི་ཕྱིར་ན་མི་གཡོ་བའི་ས་ཞེས་བྱ་སྟེ།  འདུ་ཤེས་གཉིས་ཀྱིས་མི་གཡོ་ཕྱིར།  མི་གཡོ་བ་ཡི་སར་བརྗོད་དོ་། ཞེས་སོ། ཕར་ཕྱིན་ལྷག་པའི་ཁྱད་པར།   ས་དེར་ཕར་ཕྱིན་གཞན་ཡང་ལྡན་མོད་ཀྱི་གཙོ་ཆེར་སྨོན་ལམ་ཀྱི་ཕར་ཕྱིན་ཉིད་འབྱུང་བའོ།  ས་འདིར་གནས་པའི་བྱང་སེམས་ཕལ་ཆེ་བ་སྟོང་སྤྱི་ཕུད་ལ་དབང་བའི་རྒྱལ་པོ་ཚངས་པར་གྱུར་ནས་དགྲ་བཅོམ་པ་དང་།རང་རྒྱལ་ལ་སོགས་པའི་དོན་མཆོག་ཏུ་གཏན་ལ་འབེབ་པར་མཛད་པ་སྟེ།   དེ་ཡི་རྣམ་པར་སྨིན་པས་ནི།  སྟོང་གི་བདག་པོ་ཚངས་པར་འགྱུར།  དགྲ་བཅོམ་རང་སངས་རྒྱས་རྣམས་ཀྱི།  དོན་གཏན་འབེབ་ལ་ཐོག་པ་མེད།  ཅེས་པ་བཞིན་ནོ།  མཐོང་བའི་ཁྱད་པར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འབུམ་ཕྲག་གཅིག་གི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་མཐོང་ཞིང་བྱིན་གྱིས་རླབས་པ་ཤེས་སོ།  རྫུ་འཕྲུལ་གྱི་ཁྱད་པར། རང་གི་ལུས་སྟོང་གསུམ་གྱི་སྟོང་ཆེན་པོ་འབུམ་ཕྲག་གཅིག་གི་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ཞིང་སངས་རྒྱས་ཀྱི་དེ་སྙེད་ཏུ་འགྲོ་བ། སྟོང་གསུམ་གྱི་སྟོང་ཆེན་པོ་འབུམ་ཕྲག་གཅིག་གི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་གཡོ་བ་དང་འོད་ཀྱིས་སྣང་བར་བྱེད་དོ།  རྨི་ལམ་གྱི་ཁྱད་པར།   ཕྲག་པ་གཉིས་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་ཅོད་པན་ཐོག་པ་གཅན་ཟན་ཕྲ་མོ་ཐམས་ཅད་སྐྲག་པར་བྱེད་པ་རྨི་བའོ།   སྙོམས་པར་འཇུག་པའི་ཁྱད་པར།  སྟོང་གསུམ་གྱི་སྟོང་ཆེན་པོ་འབུམ་ཕྲག་གཅིག་གི་རྡུལ་གྱི་གྲངས་དང་མཉམ་པའི་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་གོ།  ཆོས་སྟོན་པའི་ཁྱད་ཡང་གྲངས་དེ་རྙེད་ཀྱི་ཆོས་སྒོ་དཔག་ཏུ་མེད་པ་གསུངས་པའོ།  རྟོགས་པའི་ཁྱད་པར། ས་འདིར་གནས་པས་ཆོས་ཀྱི་དབྱིངས་ཀུན་བྱང་གི་ཆོས་ཀྱིས་བྲི་འཕེལ་མེད་པའི་དོན་དུ་རྟོགས་ཏེ།  བྲི་མེད་འཕེལ་བ་མེད་དོན་དང་། ཅེས་སོ། སྤོང་བའི་ཁྱད་པར།   ཆོས་དབྱིངས་བྲི་གང་གི་མཚན་མ་ཅན་དུ་འཛིན་པའི་གནས་ངན་ལན་དང་།   སྒོམ་སྤོང་ཆུང་སྐོར་གསུམ་ལས་ཆུང་ངུའི་ཆེན་པོ་སྤོང་བའོ།    རྣམ་པར་དག་པའི་ཁྱད་པར།   རྒྱུ་གསུམ་གྱིས་དགེ་བའི་རྩ་བ་རྣམས་ཆེས་རྣམ་པར་དག་པར་འགྱུར་ཏེ།    དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་མགར་བ་མཁས་པས་རྒྱན་དུ་ཟིན་པར་བྱས་ཏེ།    འཛམ་གླིང་གི་བདག་པོའི་མགོ་འམ་མགུལ་དུ་བཏགས་ན་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་རྒྱན་གྱིས་མི་འཕྲོག་པ་ཡིན་ནོ།    དེ་བཞིན་དུ་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་རྣམས་ཤིན་ཏུ་རྣམ་པར་དག་པའི་ཕྱིར།    ཉན་རང་དང་བྱང་ཆུབ་སེམས་དཔའ་ས་བདུན་པ་ལ་གནས་པའི་བར་དག་གིས་མི་འཕྲོག་པ་ཡིན་ནོ།   ཞེས་གསུངས་སོ།    ཡོངས་སུ་སྲུང་བའི་ཁྱད་པར།   སངས་རྒྱས་གཟིགས་པ་ཞེས་བྱ་བའི་གཟུངས་ཀྱིས་སྲུང་བའོ།    ས་དགུ་པའི་ངོ་བོ།   སངས་རྒྱས་ཀྱི་ཞིང་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་མཐོང་བ་དང་ཏིང་ངེ་འཛིན་གྱི་སྒོ་དེ་སྙེད་ལ་སྙོམས་པར་འཇུག་པ་སོགས་ཡོན་ཏན་བརྒྱ་ཕྲག་དུ་མའི་གཞིར་གྱུར་པ་དེའོ།   མིང་གི་ཁྱད་པར་ལེགས་པའི་བློ་གྲོས་ཞེས་བྱའོ།    ངེས་ཚིག་གི་ཁྱད་པར།   ས་དེར་སོ་སོ་ཡང་དག་པར་རིག་པའི་བློ་གྲོས་ཤིན་ཏུ་བཟང་བ་ཐོབ་པས་ན་ལེགས་པའི་བློ་གྲོས་ཞེས་བྱ་སྟེ།   མདོ་སྡེ་རྒྱན་ལས།   སོ་སོ་ཡང་དག་རིག་བློ་བཟང་།   ས་དེ་ལེགས་པའི་བློ་གྲོས་ཡིན།   ཅེས་དང་།   རིན་ཆེན་ཕྲེང་བ་ལས།   ས་དགུ་པ་ནི་ལེགས་པ་ཡི།  བློ་གྲོས་ཡིན་ཏེ་རྒྱ་མཚོ་བཞིན།   གང་ཕྱིར་སོ་སོ་ཡང་དག་རིག།   ཐོབ་པས་འདི་ནི་བློ་གྲོས་བཟང་།    ཞེས་སོ།  ཕར་ཕྱིན་ལྷག་པའི་ཁྱད་པར། ས་འདིར་ཕར་ཕྱིན་གཞན་ཡང་ལྡན་མོད་སྟོབས་ཀྱི་ཕར་ཕྱིན་ཆེས་ལྷག་པར་གྱུར་པའོ།   སྐྱེ་བའི་ཁྱད་པར་ས་འདིར་གནས་པ་ཕལ་ཆེ་བ་སྟོང་གཉིས་པ་བར་མའི་འཇིག་རྟེན་ལ་དབང་བསྒྱུར་བའི་ལྷ་ཡི་རྒྱལ་པོ་ཚངས་པར་གྱུར་ནས་དྲིས་པ་ཐམས་ཅད་ཀྱི་ལན་ལྡོན་པ་སྟེ།  དེ་ཡི་རྣམ་པར་སྨིན་པས་ནི། སྟོང་གཉིས་བདག་པོ་ཚངས་པར་འགྱུར།   སེམས་ཅན་བསམ་པ་དྲིས་པ་ལས།  དགྲ་བཅོམ་སོགས་ཀྱིས་འཕྲོག་པ་མེད།   ཞེས་གསུངས་སོ།   མཐོང་བའི་ཁྱད་པར་སྐད་ཅིག་ཐང་ཅིག་ཡུད་ཙམ་རེར་ཡང་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་མཐོང་བ་དང་དེ་དག་གིས་བྱིན་གྱིས་བརླབས་པའང་ཤེས་སོ།   རྫུ་འཕྲུལ་གྱི་ཁྱད་པར།  རང་གི་ལུས་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པར་སྤྲུལ་ཞིང་སངས་རྒྱས་ཀྱི་ཞིང་དེ་སྙེད་དུ་འགྲོ་བ།   འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་གཡོ་ཞིང་།  དེ་དག་འོད་ཀྱིས་སྣང་བར་བྱེད་པའོ།  རྨི་ལམ་གྱི་ཁྱད་པར།  འཁོར་ལོས་བསྒྱུར་བའི་རྒྱལ་པོ་མཐོང་སྟེ།   སྐྱེ་བོ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་ནས་བལྟས་ནས་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་གདུག་དཀར་པོ་འཛིན་པ་རྨི་བའོ།   སྙོམས་པར་འཇུག་པའི་ཁྱད་པར།   སངས་རྒྱས་ཀྱི་ཞིང་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཏིང་ངེ་འཛིན་གྱི་་སྒོ་བསམ་གྱིས་མི་ཁྱབ་པ་ལ་སྙོམས་པར་འཇུག་པའོ།   ཆོས་སྟོན་པའི་ཁྱད་པར།    རྗེས་ཐོབ་ཏུ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཆོས་ཀྱི་སྒོ་དཔག་ཏུ་མེད་པ་འབྱེད་པ་དང་། གྲངས་དེ་སྙེད་ཀྱི་སེམས་ཅན་སྨིན་པར་བྱེད་པའོ།   རྟོགས་པའི་ཁྱད་པར།    ཆོས་ཀྱི་དབྱིངས་དེ་ཉིད་ཡེ་ཤེས་ལ་དབང་བའི་གནས་སུ་རྟོགས་ཏེ།    ས་དེར་སོ་སོ་ཡང་དག་པར་རིག་པ་བཞི་ལ་དབང་ཐོབ་པའི་ཕྱིརཏེ། ཞིང་དང་ཡེ་ཤེས་ལས་དག་ལ། དབང་ནི་རྣམ་པ་བཞི་ཡིས་གནས། ཞེས་དང་།   འཕགས་པ་ས་བཅུ་པ་ལས།    སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན།     འདི་དག་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང་།   དོན་སོ་སོ་ཡང་དག་པར་རིག་པ།  ངེས་ཚིག་སོ་སོ་ཡང་དག་པར་རིག་པ།    སྤོབ་པ་སོ་སོ་ཡང་དག་པར་རིག་པ་རྒྱུན་དུ་འབྱུང་ངོ་།     ཞེས་སོ།   སྤོང་བའི་ཁྱད་པར།   ཆོས་ཀྱི་དབྱིངས་ཡེ་ཤེས་ལ་དབང་བའི་གནས་མ་ཡིན་པར་འཛིན་པ་དང་།    སྒོམ་སྤོང་ཆུང་སྐོར་གསུམ་ལས་ཆུང་ངུའི་འབྲིང་སྤོང་བའོ།    རྣམ་པར་དག་པའི་ཁྱད་པར།   སྔར་བཞིན་རྒྱུ་གསུམ་པོ་དེས་དགེ་བའི་རྩ་བ་ཆེས་ཤིན་ཏུ་རྣམ་པར་དག་པར་དག་པར་འགྱུར་ཏེ།   ཇི་སྐད་དུ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་མཁས་པས་རྒྱན་དུ་བྱས་པ་དེ།  འཁོར་ལོས་བསྒྱུར་བའི་མགོའམ་མགུལ་དུ་བཏགས་ན་ཁམས་ཀྱི་རྒྱལ་པོ་རྣམས་དང་།  གླིང་བཞི་པའི་སེམས་ཅན་རྣམས་ཀྱི་རྒྱན་གྱིས་མི་འཕྲོག་པ་ཡིན་ནོ།  དེ་བཞིན་དུ་ས་དགུ་པ་ལ་གནས་པའི་དགེ་བའི་རྩ་བ་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་བརྒྱན་པ། ཉན་རང་དང་ས་འོག་མ་ལ་གནས་པའི་བྱང་སེམས་ཐམས་ཀྱིས་མི་འཕྲོག་པ་ཡིན་ནོ།  ཞེས་གསུངས་སོ།     ས་བཅུ་པའི་ངོ་བོ་ནི།    སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞལ་མཐོང་བ་དང་།  ཏིང་ངེ་འཛིན་གྱི་སྒོ་དེ་སྙེད་ལ་སྙོམས་པར་འཇུག་པ་སོགས་ཡོན་ཏན་བརྒྱ་ཕྲག་དུ་མའི་གཞིར་གྱུར་པའི་འཕགས་རྒྱུད་ཀྱི་མངོན་རྟོགས་དེའོ།  ས་བཅུ་པའི་མིང་གི་ཁྱད་པར་ཆོས་ཀྱི་སྤྲིན་ནོ།   ངེས་ཚིག་གི་ཁྱད་པར།   བྱང་སེམས་ས་བཅུ་པ་བ་དེས་གཟུངས་དང་ཏིང་ངེ་འཛིན་གྱི་སྤྲིན་བཀོད་པ་ལས།   སངས་རྒྱས་དང་རྗེས་སུ་མཐུན་པའི་ཆོས་ཀྱི་ཆར་ཕབ་ནས་གདུལ་བྱའི་ལོ་ཏོག་སྨིན་པར་བྱེད་པས་ན་ཆོས་ཀྱི་སྤྲིན་ཞེས་བྱ་བའོ།   ཕར་ཕྱིན་ལྷག་པའི་ཁྱད་པར།  ས་དེར་ཕར་ཕྱིན་བཅུ་ཀ་ལྡན་ཡང་ཡེ་ཤེས་ཀྱི་ཕར་ཕྱིན་ཉིད་ཆེས་ལྷག་པར་གྱུར་པའོ།  སྐྱེ་བའི་ཁྱད་པར།  ས་འདི་ལ་གནས་པ་ཕལ་ཆེ་བ་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོར་གྱུར་ནས་སེམས་ཅན་དང་། ཉན་རང་བྱང་སེམས་བཅས་ལ་ཕ་རོལ་ཏུ་ཕྱིན་པའི་ཆོས་སྟོན་པར་མཁས་པ་སྟེ།  དེ་ཡི་རྣམ་པར་སྨིན་པས་ནི།  གནས་གཙང་ལྷ་ཡི་རྒྱལ་པོར་འགྱུར།  བསམ་ཡས་ཡེ་ཤེས་ཡུལ་གྱི་བདག།  དབང་ཕྱུག་ཆེན་པོ་མཆོག་ཡིན་ནོ།  ཞེས་གསུངས་སོ། མཐོང་བའི་ཁྱད་པར།   སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་རྙེད་ཀྱི་སངས་རྒྱས་ཀྱི་ཞལ་མཐོང་བའོ།  རྫུ་འཕྲུལ་གྱི་ཁྱད་པར།   རང་གི་ལུས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་རྙེད་ཀྱི་གྲངས་དང་མཉམ་པར་སྤྲུལ་ཞིང་སངས་རྒྱས་ཞིང་དེ་སྙེད་དུ་འགྲོ་བ།    སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་ཀྱི་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་གཡོ་བ་དང་དེ་དག་འོད་ཀྱིས་སྣང་བར་བྱེད་པའོ།   རྨི་ལམ་གྱི་ཁྱད་པར་ནི།  རྗེས་ཐོབ་ཏུ་དེ་བཞིན་གཤེགས་པའི་སྐུ་མཐོང་སྟེ།  མདོག་གསེར་ལྟ་བུ་འོད་འདོམ་གང་བ་ཚངས་པ་ཕྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཞིང་ཞིང་མདུན་གྱིས་བལྟས་པ་ལ་ཆོས་སྟོན་པ་རྨི་བའོ།   སྙོམས་པར་འཇུག་པའི་ཁྱད་པར།  དུས་སྐད་ཅིག་མ་གཅིག་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པའི་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་པའོ།  ཆོས་སྟོན་པའི་ཁྱད་པར་ཡང་། གྲངས་དེ་སྙེད་ཀྱི་ཆོས་ཀྱི་སྒོ་དཔག་ཏུ་མེད་པ་འབྱེད་པ་དང་། དེ་སྙེད་ཀྱི་གདུལ་བྱ་སྨིན་པར་མཛད་པའོ།  རྟོགས་པའི་ཁྱད་པར།  དབང་རྣམ་པ་བཞི་ལས་ཆོས་ཀྱི་དབྱིངས་དེ་ལས་ལ་དབང་བའི་གནས་ཉིད་དུ་རྟོགས་ཏེ།  ས་བཅུ་པའི་རྗེས་ཐོབ་ཏུ་ཇི་ལྟར་བཞེད་པ་བཞིན་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པ་ལ་སངས་རྒྱས་དང་ཆ་འདྲ་བའི་ནུས་པ་ཐོབ་པས་སོ།དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། ལས་དག་ལ། དབང་ནི་རྣམ་པ་བཞི་ཡིས་གནས། ཞེས་སོ།  སྤོང་བའི་ཁྱད་པར།  ཆོས་ཀྱི་དབྱིངས་ལས་ལ་དབང་བའི་གནས་མ་ཡིན་པ་ཉིད་དུ་འཛིན་པའི་གནས་ངན་ལེན་དང་། སྒོམ་སྤོང་ཆུང་སྐོར་གསུལ་གྱི་ཆུང་ངུའི་ཆུང་ངུ་སྤོང་བའོ།  རྣམ་པར་དག་པའི་ཁྱད་པར་ཡང་། སྔར་བཤད་པའི་རྒྱུ་གསུམ་པོ་དེས་དེའི་དགེ་བའི་ཤེས་རབ་ཏུ་རྣམ་པར་དག་པར་འགྱུར་ཏེ།  ཇི་སྐད་དུ།  དཔེར་ན་ལྷའི་རྒྱལ་པོ་མཁན་པོ་དང་བཟོ་བོས་མ་བྱས་པ།  ནོར་བུ་རིན་པོ་ཆེས་སྤྲས་པ་དེ། ལྷའི་རྒྱལ་པོ་དབང་བསྒྱུར་གྱི་མགོ་འམ་མགུལ་དུ་བཏགས་ན།  དེ་མ་ཡིན་པའི་ལྷ་དང་མའི་རྒྱན་གྱི་རྣམ་པ་དག་གིས་མི་འཕྲོག་པ་ཡིན་ནོ།  དེ་བཞིན་དུ་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་ཡེ་ཤེས་ཀྱི་རྒྱུ་དེ་དག་ཀྱང་། སེམས་ཅན་ཐམས་ཅད་དང་ཉན་རང་ཐམས་ཅད་དང་། ས་དགུ་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མི་འཕྲོག་པ་ཡིན་ནོ། ཞེས་གསུངས་སོ།   ཡོངས་སུ་སྲུང་བའི་ཁྱད་པར།  ས་བཅུ་པ་ནི་དཔལ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་ཐོབ་ཅིང་ཟད་མི་ཤེས་པའི་ཟ་མ་ཏོག་གི་གཟུངས་ཀྱིས་སྲུང་བའོ།  ས་དང་ལམ་གྱི་རྣམ་བཞག་མདོར་བསྡུས་པ། ས་ཆེན་འཕགས་པ་རྣམས་ཀྱི་བགྲོད་ཚུལ་བཞིན། ས་མཐར་གནས་པའི་འདོ་མེད་འཁྱམས་པོ་ངས། ས་ལམ་ཤེས་འདོད་འགའ་ཡི་ཆེད་དུ་བྲིས། 发自我的 iPad 发自我的 iPad

Tuesday, 18 March 2014

གཡུལ་ལས་རྒྱལ་བའི་རྔ་སྒྲ།

<ཚ་བ་མདའ་སྨྱུག་ལ་ལན་དུ་བརྗོད་པ་རྨོང་མུན་སེལ་བའི་ཉིན་བྱེད་




ཐེག་པ་གསུམ་གྱི་གཞི་ལམ་འབྲས།

ཐམས་ཅད་མཁྱེན་པ་དོན་ཀུན་གྲུབ།

སྲིད་འདིའི་སྣང་སྲིད་སྣོད་བཅུད་ལ་།

གཟིགས་པ་ཕུལ་བྱུང་ཚན་རིག་པ།

ཀུན་བྱང་གནས་སྣང་བལྟ་བའི་སྤྱན་རས་ཏེ་།

སྲིད་ཞིའི་ས་མཁན་བཀའ་དྲིན་མཚུངས་པ་མེད་།

ཆོས་ཀྱི་ཕྱོགས་ལ་རྙིང་ཞེན་མི་ཆེ་ཞིང་།

ཚན་གྱི་ཕྱོགས་ལ་གཡམ་རྒྱུག་མི་ཐལ་བར་།

འཁོར་འདས་གསང་བ་ཟབ་མོའི་ས་ལེ་སྦྲམ།

དྲི་མེད་རིགས་པའི་སྲང་ལ་འཇལ་བྱེད་པ།

སྔོན་གཤེགས་དྲན་དབང་བྱེ་བའི་དམ་ཚིག་སྟེ།

བློ་དམན་ངས་ཀྱང་ཡིད་ལ་འཛིན་པར་ངེས།

།དཔྱོད་ལྡན་ཚ་བ་མདའ་སྨྱུག་ལགས་སུ། ཁྱེད་ནས་བརྩམས་གནང་བའི་དཔེ་དེབ་ཁག་ཅིག་ལ་བལྟས་སྐབས། ཁོ་བོར་འཁོར་བའི་བསམ་ཚུལ་དང་དོགས་འདྲི་ཁག་གཅིག་བྱུང་བ། བོས་པའི་གཏམ་ལ་ཡ་ལན་ཞེས་པའི་དཔེ་ལྟར། བཟང་སྤྱོད་ཀྱི་ཕྱོགས་ནས་ཞུ་བ་ལ། སྟོན་པ་ཚད་གྲུབ་སྐབས་སུ་ཁྱེད་ཀྱིས། མི་ཤེས་སྟོན་པར་བྱེད་པ་ལ།འཁྲུལ་བར་དོགས་པ་ཅན་རྣམས་ཀྱིས།དེས་བཤད་ནན་ཏན་བྱ་བའི་པྱིར་།ཤེས་ལྡན་འགའ་ཞིག་ཚོལ་བར་བྱེད་།ཅེས་སྟོན་པ་ཚད་མར་སྒྲུབ་པའི་དགོས་པ་ནི་བསྟན་པ་མ་ནོར་བ་ཞིག་དང་མཇལ་བའི་ཆེད་ཡིན་ གསུངས།འོན་ཀྱང་དངོས་གཞིའི་སྐབས་སུ་དེ་ལས་ལྡོག་སྟེ།བསྟན་པ་བདེན་བཞིའི་གནས་ ལུགས་མ་འཁྲུལ་བ་སྔོན་དུ་བསྒྲུབས་ཟིན་རྗེས་གཞི་ནས་སྟོན་པ་ཚད་མའི་སྐྱེས་བུ་རུ་ཐག་གཅོད་གནང་འདུག། དགེ་ཆོས་ལགས་ཀྱིས།རིགས་པའི་ དཔྱད་པ་ཤིང་རྟའི་སྲོལ་ལ་བརྟེན།།ཤིང་རྟ་ཆེན་པོ་རིགས་པའི་སྟོབས་ཀྱིས་སྒྲུབ།། རང་ཐག་ཆོད་ན་སུ་ཡི་རྗེས་སུ་འབྲངས།རང་ཐག་མ་ཆོད་སུ་ལ་ཡིད་རྟོན་བྱེད།།ཡང་དག་ རིགས་པ་ངེས་དོན་ལུང་ལས་རྙེད།།དྲང་ངེས་ཁྱད་པར་དྲི་མེད་རིགས་པས་འབྱེད།།རིགས་ པས་ཤེས་ན་ངེས་དོན་ཅི་ལ་འཚོལ།།རིགས་པས་མ་ཤེས་ངེས་དོན་ག་ལ་རྙེད།།ཅེས་ཕན་ཚུན་གཅིག་གི་དཔང་པོ་གཅིག་གིས་ཡོང་ཐབས་མེད་པར་གསུངས་པ་འདི་ཤིན་ཏུ་བདེན་ཏེ།བསྟན་པ་རྣམ་དག་ཏུ་ཐག་མ་ཆོད་པ་དེ་སྲིད་དུ་སྟོན་པ་ཚད་མ་ཞིག་རྙེད་མི་སྲིད་ཅིང་།བསྟན་པ་རྣམ་དག་ཏུ་ཐག་ཆོད་ཚར་དུས་སྟོན་པ་ཚད་མ་འཚོལ་མི་དགོས་པའི་ཕྱིར་རོ་ཞེས་ སོགས་བརྒལ་བ་ལ།སྟོན་པ་ཚད་གྲུབ་སྐབས་སུ་སྟོན་པ་ཚད་མར་བསྒྲུབ་པའི་དགོས་དོན་གཙོ་བོ། སྤྱིར་བསྟན་པ་རྣམ་དག་ཏུ་བསྒྲུབ་པའི་ཆེད་ཙམ་ མིན་པར་གཞལ་བྱ་ལ་གནས་གསུམ་དུ་ཕྱེས་ནས་གཞལ་བྱའི་གནས་དང་པོ་གཉིས་ལ་མ་འཁྲུལ་ བའི་རྒྱུ་མཚན་གྱིས་སྟོན་པ་ཚད་མར་བསྒྲུབས། སྟོན་པ་ཚད་མར་གྲུབ་རྗེས་དེའི་གསུང་ལུང་ཚད་མ་ལ་བརྟེན་ནས་གཞལ་བྱའི་གནས་གསུམ་པ་རྗེས་སུ་དཔོག་པ་སྟེ། གཞན་ལའང་རྗེས་སུ་དཔག་པ་ཡིན། ཞེས་པའི་གཞན་དེའང་གནས་དང་པོ་གཉིས་ལས་གཞན་གནས་གསུམ་པ་ལ་གོ་དགོས་པས་སྐབས་དེར་ བསྒྲུབ་རྒྱུའི་བསྟན་པ་རྣམ་དག་དེའང་གནས་གསུམ་པ་སྟོན་པའི་ལུང་གི་བསྟན་པ་ལ་གོ་ དགོས་པ་མིན་ནམ།

མཁས་དབང་དགེ་ཆོས་ཀྱིས་། ཤིང་རྟ་ཆེན་པོ་རིགས་པའི་སྲོལ་ལ་བརྟེན།། ཡང་དག་རིག་པ་ཤིང་རྟའི་ལུང་ལ་བརྟེན། ཞེས་པ་དེ་ཡང་རགས་པ་ཙམ་ཡིན་པ་ཤེས་ཏེ། ཡང་དག་རིགས་པ་ཡིན་ན་ཤིང་རྟའི་ལུང་ལ་བསྟེན་པས་མ་ཁྱབ་པའི་ཕྱིར། ད་དུང་ཁྱེད་ཀྱིས་སྟོན་པས་ང་ཚོར་དཔྱད་པ་བྱེད་པའི་བསམ་བློའི་རང་དབང་སྤྲད་མེད་ཚུལ་གསུངས་པ་ཕྱོགས་གཅིག་ནས་དེ་ལྟར་ཡིན་སྲིད་ཀྱང་། ཕྱོགས་གཞན་ཞིག་ནས་བསམ་ཚེ་དེའང་ཁྱེད་ཀྱིས་གསུངས་པ་བཞིན་རྒྱུག་པ་ལེབ་རྡུང་དུ་མ་སོང་བ་ཞིག་གལ་ཏེ། ཐལ་མ་ཐག་པ་བཞིན་གཞལ་བྱ་ལ་གནས་གསུམ་དུ་དབྱེ་བ་ཕྱེས་ནས་ཕྱི་མ་ལ་རིགས་པའི་དཔྱད་པ་མི་འཇུག་པར་གསུངས་པ་ཙམ་ལས་སྔ་མ་གཉིས་ལ་དཔྱོད་པའི་སྒོ་བཀག་པ་མེད་པའི་ཚོད་སྟེ། མངོན་གྱུར་གྱི་གནས་ལ་མངོན་སུམ་ཚད་མ་དང་མི་འགལ་བ། ལྐོག་གྱུར་གྱི་གནས་ལ་རྗེས་དཔག་ཚད་མ་དང་མི་འགལ་བ། ཤིན་ཏུ་ལྐོག་གྱུར་གྱི་གནས་ལ་ལུང་ཚད་མ་དང་མི་འགལ་བ་ཞེས་ཡོངས་སུ་གྲགས་པ་ལྟར་དང་།ཇི་སྐད་དུ་།དགེ་སློང་དག་གམ་མཁས་རྣམ་ཀྱིས་།བསྲེག་གཅད་བརྡར་བའི་གསེར་བཞིན་དུ་།ལེགས་པར་བརྟགས་ལ་ང་ཡི་བཀའ་།བླང་བར་བྱ་ཡི་གུས་ཕྱིར་མིན་།ཞེས་གསུངས་པ་ལྟར་ཡིན་པའི་ཡིན་པའི་ཕྱིར་རོ། འོན་ཀྱང་གསང་བ་སྔགས་ཀྱི་སྐབས་སུ་དཔྱོད་མི་རུང་བའི་གནས་དེ་ལས་ཅུང་མང་ཚོད་ཀྱང་། དཔྱོད་པ་སྔོན་དུ་མ་སོང་བའང་མིན་ཏེ། ཕར་ཕྱིན་ཐེགས་པ་སྔགས་ཀྱི་ལམ་སྟེགས་སུ་གསུངས་པའི་ཕྱིར།. ྄ཡང་དག་རིགས་པས་ཚད་མའི་སྐྱེས་བུ་འཚོལ།

ཚད་མའི་སྐྱེས་བུས་བསྐལ་བའི་གཞལ་བྱ་སྟོན་།

དོན་གཉེར་སྐྱེས་བུས་གཞལ་བྱའི་གནས་ཀུན་མཐོང་།

ཡིད་ཆེས་ལྡན་རྣམས་ནམ་ཡང་བསླུ་བ་མེད་།

 ཚད་མེད་བཞིའི་རྩོད་སྤོང་།   ཡང་ཁྱེད་ཀྱིས་རྒྱུ་འབྲས་མན་ངག་བདུན་གྱི་རྩ་བ་མར་ཤེས་དྲིན་དྲན་གྱི་གདམས་ངག་འདི་ ལ་གནས་ལུགས་ཅུང་ཙམ་ཡང་མི་འདུག་སྟེ་ཚེ་རབ་གཞན་དུ་ཕ་མ་མ་བྱས་པའི་སེམས་ཅན་སུ་ ཡང་མེད་པའི་རྒྱུ་མཚན་གྱིས་ཡོད་ཚད་ད་ལྟའི་ཕ་མ་ནང་བཞིན་བ.རྩི་དགོས་ན་།ཚེ་རབ་གཞན་དུ་དགྲ་བོ་མ་བྱས་པའི་སེམས་ཅན་སུ་ཡང་མེད་ པའི་རྒྱུ་མཚན་གྱིས་ཡོད་ཚད་ད་ལྟའི་དགྲ་བོ་ནང་བཞིན་བརྩི་མི་དགོས་པའི་རྒྱུ་མཚན་ཅི་ཡོད་སོགས་མར་ཤེས་དྲིན་དྲན་སྐོར་ལ་ངོ་མཚར་བའི་རིགས་ལམ་ཞིག་བཀོད་འདུག་པ་མ་རེད་ཅེས་ཞུ་ཤེས་པ་མི་འདུག་ཅིང་།བདག་གིས་སྔར་རྒྱ་ནག་ཧྲིན་དྲིན་དུ་ཚད་མེད་བཞིའི་ཆོས་ཐུན་ཞིག་བགྱིས་སྐབས་ཁོ་བོ་ལ་ཡང་དེ་འདྲའི་དོགས་འདྲི་ཞིག་བྱུང་མྱོང་། ཡིན་ན་ཡང་མར་ཤེས་དྲིན་དྲན་གྱི་རྒྱུ་མཚན་དེ་དག་ཁྲིད་ཡིག་ཁག་ཏུ་གདུལ་བྱའི་བློ་འཆོས་པའི་ཐབས་སུ་བཀོལ་བ་ཙམ་ལས། ཚུལ་གསུམ་ཚང་བའི་གཏན་ཚིགས་ཞིག་ནི་ཡིན་མི་དགོས་པ་འདྲ་སྟེ། ཅིའི་ཕྱིར་ཞེ་ན། ཚད་མེད་སྔ་མ་གསུམ་གྱི་དེ་མ་ཐག་ཏུ་ཁྱེད་ཀྱི་གསུངས་པའི་རྒྱུ་མཚན་དེ་འདྲ་བ་རང་ བཀོད་ནས་དགྲ་གཉེན་མཉམ་ཉིད་དམ་བཏང་སྙོམས་སུ་བསྒྲུབས་ནས་ཚད་མེད་བཞི་པ་བསྐྱེད་པའི་ཐབས་གནང་འདུག་པས་སོ། མི་བདེན་སྙམ་ན་སྙིང་ཐིག་ སྔོན་འགྲོ་སོགས་ལ་གཟིགས་མཛོད་དང་ཤིན་ཏུ་གསལ།ཡང་ཁྱེད་ཀྱིས་ཚུར་ཕ་མ་བྱས་པ་བཞིན་ཕར་ལའང་ཕ་མ་བྱས་པ་ཚད་མེད་པས་སུས་སུ་ལ་ཡུས་ཆེ་བྱེད་གསུངས་པ་བདེན་མདོག་ཁ་ཡང་། འོ་ན་སྤུན་དང་སྤུན་གྱི་བར་དང་།ཁྱོ་དང་ཆུང་མི་བར་།གཉེན་དང་ཉེ་དུའི་བར་།གྲོགས་དང་གྲོགས་ཀྱི་བར་དག་ཏུ་བྱས་པ་དྲིན་བཟོའི་བློ་གཏན་མི་སྐྱེ་བར་ཐལ་ཏེ། ཕན་ཚུན་གཉིས་ཀས་བྱས་པ་མཚུངས་པའི་ཕྱིར་ཞེས་ཁྱེད་ལ་བཀོད་ན་ཅི་གསུང་།ཕྱོགས་མཚུངས་སུ་ཕ་མ་བྱས་པའི་སྐབས་སུ་དྲིན་གྱིས་བསྐྱངས་པའི་རྒྱུ་མཚན་གྱིས་བྱམས་དགོས་ན། དགྲ་བོ་བྱས་སྐབས་གནོད་བརྐྱལ་བའི་རྒྱུ་མཚན་གྱིས་དགྲ་ཡི་དྭངས་མར་བརྩི་དགོས་པའི་རིགས་པ་རྣོ་རྣོ་འདྲ་ཡང་། དེ་འདྲའི་རིགས་ལ་ཚུལ་གསུམ་ཚང་མི་དགོས་པ་བཤད་ཟིན་ཅིང་། བཟང་པོ་བྱས་པས་གཉེན་དུ་བརྩིས་པ་བཞིན་ངན་པ་བྱས་པ་ཙམ་གྱིས་དགྲར་འཛིན་དགོས་པར་མ་ངེས་པ་དང་། དགྲ་ བོ་བྱས་སྐབས་གནོད་བསྐྱལ་བའི་རྒྱུ་མཚན་གྱིས་ཕ་མ་བྱས་སྐབས་ཀྱི་བཟང་དྲིན་ནག་གསུབ་དུ་གཏོང་དགོས་པའི་ངེས་པ་མེད་པ་སོགས་ནི་རྟེན་འབྲེལ་རྒྱལ་མོས་བཞག་པའི་ཁྲིམས་ལུགས་ཉག་གཅིག་སྟེ།བཟང་ངན་གཉིས་ལས་བཟང་པོ་ངོ་སོ་མཐོ་བ་འམ། ཡིན་མིན་གཉིས་ལས་ཡིན་པ་དབང་བཙན་པ། མང་ཉུང་གཉིས་ལས་མང་བ་གཙོ་བའི་དམངས་གཙོའི་ཁྲིམས་ཀྱིས་བཞག་པའི་ཆེ་བ་ཞིག་མིན་ནམ་སྙམ་སྟེ། སྲོག་ལྡན་ཞིག་ཡིན་ཕྱིན་ཕལ་ཆེར་ཕ་མར་མ་བརྟེན་པ་མེད་ཀྱང་། དེ་ལ་འདག་ཐབས་མེད་པའི་དགྲ་ཞིག་ཡོད་པ་མ་ངེས་པའི་ཕྱིར་རོ།།དེ་ཡང་བྱམས་སོགས་ནི་རྟེན་འབྲེལ་གྱི་ཚུལ་དང་མཐུན་ཞིང་ཤེས་རབ་ཀྱི་གྲོགས་དང་བཅས་་པས་དག་བྱེད་ཀྱི་ གཉེན་པོ་མེད་ལ་ཁྲོ་སོགས་ནི་མ་རིག་པ་ལས་བྱུང་བ་རྟག་པར་ཡུལ་གྱི་གནས་ཚུལ་ལས་ ཕྱིན་ཅི་ལོག་ཏུ་གྱུར་པས་ན་དག་བྱེད་ཀྱི་གཉེན་པོ་ཡོད་པའི་ཁྱད་པར་འདི་ཙམ་གྱིས་ ཀྱང་སྔ་མ་ནམ་ཡང་རྩིས་མེད་བྱ་མི་བཏུབ་ཅིང་ཕྱི་མ་ལ་དེ་རུང་བས་སོ།བསྡུས་གྲྭའི་ གཞུང་ཁ་གཅིག་ལས་ཀྱང་མིན་པ་དང་མི་རྟག་པ་དོན་གཅིག། ཡིན་པ་དང་རྟག་པ་དོན་གཅིག་གསུངས་པའང་གནད་འདི་འདྲ་ཞིག་ལ་དགོངས་མེད་དམ་སྙམ་སྟེ་དཔྱོད་པར་ཞུ།

བྱམས་བརྩེ་ལྕུག་ཕྲན་ཤེས་རབ་གྲོགས་ཀྱིས་བསྐྱངས།

འཁོན་འཛིན་བ་མོ་མཁྱེན་བརྩེའི་ཟེར་གྱིས་བཅོམ།

སྡིག་ལྡུང་དྲི་མ་འགྱོད་ཚངས་ཆབ་ཀྱིས་བཀྲུ།

བྱས་པའི་བཀའ་དྲིན་ནམ་ཡང་བརྗེད་པ་མེད་།

ཕྱི་ནང་གི་ཁྱད་པར་དང་ཚོགས་ གཉིས་མི་འཐད་པའི་རྩོད་སྤོང་། དེ་བཞིན་བདེན་བཞིའི་འཇུག་ལྡོག་དངོས་སྟོབས་ཀྱི་རིགས་པས་གྲུབ་པ་བདེན་ན་གསུམ་ལ་ སྐྱབས་སུ་མ་སོང་བའི་མུ་སྟེགས་ལ་ཐར་ལམ་མེད་པའི་རྒྱུ་མཚན་མི་འདུག་སྟེ་། ཁོང་ཚོས་ཀྱང་རིགས་པའི་ལམ་ནས་སྲིད་རྩེའི་དངོས་གཉེན་རྒྱུད་ལ་བསྐྱེད་ཆོག་པའི་ཕྱིར། དངོས་པོ་སྟོབས་ཞུགས་ལ་སྟོན་པ་དང་བསྟན་པའི་ཆ་རྐྱེན་བརྩིར་མི་བཏུབ་པའི་ཕྱིར་། དེས་ན་ཆོས་འདི་པ་ལས་ཕྱི་རོལ་དུ་གྱུར་པའི་མི་ལ་ཐར་བའི་སྐལ་བ་མེད་ཟེར་བ་ནི་སྒེར་གཅོད་ཀྱི་རང་གཤིས་ཕྱིར་མངོན་པ་ཙམ་དུ་ཟད་ཟེར་། གལ་ སྲིད་ཆོས་འདི་པ་ལས་ཕྱི་རོལ་དུ་གྱུར་པ་ཞིག་གི་རྒྱུད་ལ་སྲིད་རྩེའི་དངོས་གཉེན་ སྐྱེ་བའི་སྐལ་བ་ལྡན་ཚེ་ལམ་དེ་རྒྱུད་ལ་སྐྱེས་པ་ཙམ་གྱིས་དོན་དམ་པའི་ཆོས་དཀོན་ མཆོག་ལ་དངོས་སུ་སྐྱབས་སུ་སོང་བ་ཡིན་ཞིང་།སངས་རྒྱས་དང་དགེ་འདུན་དཀོན་མཆོག་ལ་ དོན་གྱིས་དང་རྣམ་གྲོལ་ལམ་ཐོབ་པ་ཙམ་གྱིས་འབྲས་སྐྱབས་ཀྱང་རྒྱུད་ལ་སྐྱེས་པ་ ཡིན་པས་མིང་ཙམ་དུ་ཕྱི་ཕྱི་ནང་ཇི་ལྟར་ཡང་དོན་སངས་རྒྱས་པར་སོང་བ་ཡིན་ན་མཁས་དབང་ཁྱོད་ལྟ་བུས་འདི་འདྲའི་ཀླན་ཀ་འཚོལ་ན་ངོ་ཡང་མི་ཚའམ། འཁྲུལ་ བའི་རྩ་བ་བདག་འཛིན་ཡིན་པ་བདེན་ན་དེའི་གཉེན་པོར་བདག་མེད་རྟོགས་པའི་ཤེས་རབ་གཅིག་པུས་ཆོག་གི་ལོགས་སུ་ཚོགས་བསགས་སྒྲིབ་སྦྱངས་ཞེས་པ་དེ་ཚོ་དགོས་དོན་ཅི་ཡོད་ཟེར་། འཁོར་རྩ་བདག་འཛིན་དང་དེའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཡིན་པ་བདེན་མོད་།དེའི་རྒྱུའམ་གྲོགས་ སུ་ཚོགས་བསག་པ་དང་སྒྲིབ་པ་སྦྱོང་བ་ཅི་ཞིག་འགལ་སྟེ།མྱུ་གུའི་བསྐྱེད་བྱེད་ས་ བོན་ཡིན་ཡང་གྲོགས་ཆུ་ལུད་ལ་ལྟོས་པ་མི་འགལ་བ་དང་ཤིང་སྡོང་གཅོད་བྱེད་སྟ་གྲི་ ཡིན་ཡང་གྲོགས་སྐྱེས་བུའི་བྱེད་རྩོལ་ལ་ཡང་ལྟོས་དགོས་པ་བཞིན་ནོ།    ;གཟུགས་སྐུའི་ཡོན་ཏན་ཐུགས་ བཅས་སུ་ཐལ་བའི་རྩོད་སྤོང་།   ;བསྐལ་ ཆེན་གྲངས་མེད་གསུམ་གྱི་བར་དུ་སྦྱིན་དང་བདེ་གཤེགས་མཆོད་པ་དེ་གཞན་དོན་གཟུགས་ སྐུའི་རྒྱུ་ཡིན་ཟེར་ཡང་དེ་ལྟ་ན་གཟུགས་སྐུའི་ཡོན་ཏན་ཐུག་བཅས་སུ་ཁས་ལེན་རིག་སྟེ། རྒྱུ་ཐུག་བཅས་ཞིག་ལས་འབྲས་བུ་ཐུག་མེད་ཅིག་འོང་དོན་མེད་པའི་ཕྱིར་ཟེར་བ་ལ། འཁོར་ལོ་བར་པར་དེ་ལྟར་གསུངས་ཡང་འཁོར་ལོ་ཐ་མར་སྟོང་གསུམ་དར་ཡུག་ཆེན་མོ་སོགས་ཀྱི་དཔེས་བསྟན་པའི་དོན་དགོངས་འགྲེལ་རྒྱུད་བླ་མ་ལས།སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་དང་། སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར་། ས་ལ་གཏེར་དང་མྱུག་སོགས་འབྲས་ཆུད་དང་། གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི་། བུད་མེད་ངན་མའི་ལྟོ་ན་མི་བདག་དང་། ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར་། དེ་བཞིན་གློ་བུར་དྲི་མས་བསྒྲིབ་པ་ཡི། སེམས་ཅན་རྣམས་ལ་སངས་རྒྱས་ཁམས་འདི་གནས་། ཞེས་དང་།གསང་སྔགས་ཀྱི་རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་། འོན་ཀྱང་གློ་བུར་དྲི་མས་བསྒྲིབ། དྲི་མ་དེ་བསལ་སངས་རྒྱས་ཉིད་། ཅེས་དང་། བཙུན་མོའི་བྷ་ག་བདེ་ཆེན་དུ་། སྟོན་པ་སུམ་ཅུ་རྩ་གཉིས་མཚན་། ཁུ་བ་ཞེས་བྱའི་རྣམ་པར་གནས་། དེ་མེད་པས་ན་བདེ་མེད་པས། ཞེས་ སོགས་གཞི་འབྲས་དབྱེར་མེད་དམ་འབྲས་བུ་ཡེ་རྫོགས་ཆེན་མོར་བསྟན་པའི་ལུང་ཚད་མེད་ པར་འབྱུང་བ་ཚུལ་བཞིན་ཤེས་ན་མཐའ་གཅིག་ཏུ་དེ་འདྲའི་གླན་ཀ་བྱ་མ་དགོས་མོད་།ཁྱེད་ཀྱིས་མ་ མཐོང་བས་ཅི་ཁག་སྟེ་མ་ཤེས་པ་ལ་ཉེས་པ་མེད་པ་བཞིན་ནོ། ཁྱད་ པར་རྫོགས་ཆེན་མན་ངག་སྡེའི་སྐབས་སེམས་ཉིད་སྐུ་གསུམ་གྱི་བདག་ཉིད་དུ་བཞུགས་པ་ ལས་ངོ་བོ་སྟོང་པར་རྟོགས་པས་ཡེ་ཤེས་ཀྱི་ཚོགས་དང་རང་བཞིན་གསལ་བ་རྟོགས་པས་ བསོད་ནམས་ཀྱི་ཚོགས་རྫོགས་པ་དང་དེ་ལྟའི་གསལ་སྟོང་ཟུང་འཇུག་གི་བདག་ཉིད་དུ་ཡེ་ ནས་གནས་པས་ན་ཚོགས་ཆེན་ཡེ་རྫོགས་སུ་གསུངས་པ་བཅས་ནི་ཁྱེད་ལ་ཐོས་པའི་སྐལ་བ་ཙམ་ ཡང་མི་ལྡན་པ་འདྲའོ། སྤྱིར་ཐེག་ཆེན་ལས་གསུངས་པའི་གཞན་དོན་གཟུགས་སྐུའི་རྒྱུ་དེ་མཐའ་གཅིག་ཏུ་ཐུག་བ་ཅས་སུ་འགྲུབ་པ་ཡང་དཀའ་སྟེ་། མདོ་སྡེ་རྒྱན་ལས། དམིགས་བསྒྲུབ་ཡེ་ཤེས་བརྩོན་འགྲུས་བརྩམས། ཐབས་མཁས་བསྒྲུབ་པ་ཕྲིན་ལས་སྟེ་། ཆེན་པོ་བདུན་དང་ལྡན་པའི་ཕྱིར་། ཐེག་ཆེན་ཞེས་སུ་བརྗོད་པ་ཡིན། ཞེས་དང་། བཟང་པོ་སྤྱོད་པ་ལས་། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ་། ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ་། བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། ཞེས་པ་ལྟར་ཐེག་པ་ཆེན་པོའི་དམིགས་པ་དང་རྣམ་པ་སྨོན་ལམ་སོགས་གང་ལ་ཡང་ཚད་དང་མཐའ་མ་མཆིས་པས་སོ། མི་སློབ་པའི་དགེ་རྩའི་འབྲས་བུ་གཟུགས་སྐུ་གཉིས་པ་ཙམ་དུ་མ་ཟད་བརྒྱ་པ་ཞིག་ཁས་ བླངས་ཀྱང་ཆོག་ཕར་སེམས་སྟེ་གཟུགས་སྐུའི་རྒྱུན་མཐའ་མེད་དུ་འགྲོ་དགོས་པས་སོ།།
།།དམྱལ་ཁམས་ཀྱི་བཀོད་པ་ལས་ལས་ བྱུང་བ་མི་འཐད་པའི་རྩོད་སྤོང་། དམྱལ་བའི་སེམས་ཅན་འགྲོ་བ་རང་རྒྱུད་པ་ཡིན་མིན་དང༌། ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མོ་ཚོགས་དེ་དག་ཅི་ལས་བྱུང༌། ཞེས་པའི་དྲི་བ་སྔར་ནས་བཀོད་མྱོང་ཡོད། དེའི་དྲིས་ལན་ནི། དེ་འདྲ་དེ་དག་ཐམས་ཅད་ཀྱང༌། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། ཞེས་པ་འདི་ཡིན་ལ་དེར་འགྲེལ་བཤད་བསྐྱོན་སྟངས་མི་འདྲ་བ་གཉིས་བྱུང་ཡོད།  དང་པོ་ནི། དེ་དག་བྱེད་པོ་གང་ཟག་གཞན་ཞིག་གིས་ཆེད་དུ་བཀོད་སྒྲིག་བྱས་པ་མིན་པར་ཚེ་སྔོན་མར་ལས་ངན་བསགས་པའི་རྣམ་སྨིན་ཙམ་ཡིན་ཞེས་དང༌། གཉིས་པ་ནི། ཞིང་ཁམས་ཞེས་པའི་ཡུལ་གྲུ་ལྟ་ན་སྡུག་པ་ཞིག་དང༌། དམྱལ་ཡུལ་ཞེས་པའི་གྲོང་ཁྱེར་འཇིགས་སུ་རུང་བ་དེ་འདྲ་ལོགས་སུ་མེད་། ལས་དག་ན་སྡོད་སའདི་ཉིད་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་དང་ལས་མ་དག་ན་དམྱལ་བ་རྡོ་རྗེ་གདན་དེ་ཡང་འདི་ག་ཡིན་ཞེས་པ་སྟེ། སྔ་མ་འདི་གཞུང་ལུགས་པ་དང་།  ཕྱི་མ་འདི་གྲུབ་ཆེན་ཧམ་པ་ཅན་ཚོས་བཏབ་པའི་ལན་རེད་།   སྐབས་འདི་དབུ་མའི་ལུགས་སུ་བྱེད་དགོས་པའི་རྐྱེན་གྱིས་དམྱལ་བ་སྡིག་སེམས་ཡིན་ཞེས་འགྲེལ་ཐབས་མེད་པས་དེའི་དོན་འཇུག་པ་ལས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད་།  འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས།  སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན།  ཞེས་གསུངས་པ་ལྟར།  ལྕགས་བསྲེག་ས་གཞི་ལས་ཀྱི་རྣམ་སྨིན་དང་ལས་དེ་སྡིག་སེམས་ལས་བྱུང་བའི་དོན་དུ་གཞུང་ལུགས་པ་ཚོས་བཤད་པ་བདེན་མོད་། ལས་ཀྱི་རྣམ་སྨིན་ལ་ཡང་རིགས་དྲུག་ཐུན་མོངས་གི་ལས་ཀྱིས་གྲུབ་པ་དང་ཐུན་མིན་དམྱལ་བ་པའི་ལས་ལས་བྱུང་བ་གཉིས་སུ་ཡོད་ཆོག་པས།  མཚན་གཞི་ན་ནིང་དམྱལ་བར་སྐྱེ་ངེས་ཀྱི་ལས་བསགས། ད་ལོ་དམྱལ་བར་སྐྱེས་པའི་གང་ཟག་བཀྲ་ཤིས་ལྟ་བུའི་དབང་དུ་བྱས་ན་ན་ནིང་མེད་པའི་དམྱལ་བ་ཞིག་ད་ལོ་གསར་དུ་གྲུབ་ནས་ཁོ་རང་དེར་སྐྱེས་པ་ལྟ་བུར་ནི་གོ་མི་དགོས་སོ།  འོ་ན་དེ་འདྲའི་བཀྲ་ཤིས་སྐྱེ་ཡུལ་གྱི་དམྱལ་ཁམས་དེ་དུས་ནམ་ཙ་ན་གྲུབ་དེ་དང་བཀྲ་ཤིས་ལ་འབྲེལ་བ་ཅི་ཞིག་ཡོད་སྙམ་ན།  གང་འཁོར་བ་པོ་བཀྲ་ཤིས་རིགས་དྲུག་གང་རུང་གི་གནས་སུ་སྲིད་པ་བཟུང་བ་ནས་གང་དུ་འཁོར་བའི་གནས་ཁོ་རང་དང་སྤྱི་མཐུན་གྱི་ལས་ཀྱིས་འབྲེལ་བའི་ཁམས་གསུམ་རིགས་དྲུག་གི་གནས་རིས་ཆ་ཚང་གྲུབ་ཟིན་པ་དཔེར་ན་བཀྲ་ཤིས་འཛམ་བུའི་གླིང་འདིར་སྐྱེས་པ་ཙམ་ནས་ཁོ་རང་དང་སྤྱི་མཐུན་གྱི་ལས་ལས་བྱུང་བའི་གླིང་གཞན་རྣམས་ཀྱང་དུས་མཚུངས་གྲུབ་ཟིན་པ་བཞིན་ནོ་།  དེས་ན་བཀྲ་ཤིས་འདི་ནས་དམྱལ་བར་འགྲོ་བ་ཡང་བཀྲ་ཤིས་ཤར་གླིང་ནས་ནུབ་གླིང་དུ་སོང་བ་བཞིན་སྔར་ཡོད་གྱི་གནས་ཤིག་ཏུ་སྐྱེ་བ་བརྗེས་པ་ཙམ་ལས་སྡར་མེད་ཀྱི་གནས་ཤིག་གསར་དུ་བཟུང་བ་ཁྱིམ་གཞིས་འཛིན་པ་ལྟ་བུ་ནི་མ་ཡིན་ནོ།  འོན་ཏེ་སྔར་ཡོད་ཀྱི་འཛམ་གླིང་ལ་འགྱུར་བ་མེད་མོད་དེའི་ཆ་ཤས་་འབྱུང་འཁྲུག་གི་གནོད་འཚེ་སམ་གནམ་གཤིས་སྟོན་ཐོག་བཅས་ཀྱི་ཁྱད་པར་འགའ་རེ་གསར་དུ་འབྱུང་བ་བཞིན་སྒོས་བཙན་གྱི་རྣམ་སྨིན་ལས་སྣང་གི་ཁྱད་པར་ལྕགས་བསྲེག་གི་ཚ་རིམ་དང་མཚོན་ཆའི་ཆར་ལྟ་བུ་འགའ་རེ་གསར་དུ་བྱུང་བའང་ཡོད་སྲིད་ཏེ་།  ཇི་སྐད་དུ་།  སེམས་ཅན་ལས་ཀྱི་དབང་གིས་རི།  ནག་པོ་དུས་སུ་སྐྱེས་ཏེ་དཔེར།   སེམས་དམྱལ་མཐོ་རིས་འཇིག་རྟེན་དུ། མཚོན་དང་རིན་ཆེན་ཤིང་བཞོན་ནོ།   ཞེས་འབྱུང་བ་ལྟ་བུའོ།  དེས་ན་དམྱལ་བའི་སྲུང་མ་ལའང་སྟོན་པ་སྔོན་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་སྐྱེ་བ་བཞེས་པ་ལྟ་བུ་འགྲོ་བ་རང་རྒྱུད་པ་དང་ཡང་མི་ཞིག་མཚན་མོ་སྲོག་གཅོད་སྤོང་བའི་སྡོམ་པ་ལ་གནས་པས་དེའི་རྣམ་སྨིན་མཚན་མོ་གཞལ་མེད་ཁང་གི་ནང་བུད་མེད་མཛེས་མ་བཞིས་མཆོད་པ་དང་ཉིན་མོ་དེ་དག་ཁྱི་བསེ་བོ་འཇིགས་སུ་རུང་བ་བཞིར་གྱུར་ནས་གཟའ་བར་གསུངས་པས་དེ་འདྲའི་གློ་བུར་བའི་སེམས་ཅན་དུ་སྣང་བ་དང་དམྱལ་བའི་སྲུང་མ་འགའ་རེ་འགྲོ་བ་རང་་རྒྱུད་པ་མིན་པའང་སྲིད་དོ་། ཐུན་མིན་དམྱལ་བ་པའི་ལས་བྱུང་བའི་དོན་ཡང་ཁོ་རང་དེར་སྐྱེས་ནས་དམྱལ་བའི་སྣོད་བཅུད་སྣང་ཞིང་མངོན་དུ་་གྱུར་པ་ཙམ་ལ་གོ་དགོས་པས། སྡིག་སེམས་བྱུང་བའི་དོན་ཡང་རྣམ་པ་གཅིག་ཏུ་དེ་ལྟར་གོ་ནའང་མི་རུང་བ་མེད་དོ་། ལས་དག་ན་འོག་མིན་ཀྱི་ཞིང་ཁམས་འདུག་ས་འདི་རང་ན་ཡིན་ཅེས་པའི་གྲུབ་ཆེན་ཚོའི་ཞེན་དོན་ཡང་། ཤེས་བྱ་མཛོད་སོགས་ལས། འོག་མིན་གནས་རིས་བཅུ་བདུན་ཀྱི་གོང་ན་ཡོད་པར་བཤད་པ་སོགས་ཐུན་མོངས་གི་བཤད་ཚུལ་ཙམ་ལས་ངེས་པའི་དོན་གྱི་དབང་དུ་བྱས་ན་འོག་མིན་གྱི་གནས་ལ་མཐའ་ཅིག་ཏུ་འདི་ན་ཡོད་ཅེས་ངེས་བཟུང་མི་དགོས་པར་གང་ཟག་ཅིག་གང་དུ་སངས་རྒྱས་པའི་ཕྱོགས་དེར་འོག་མིན་ཡང་དེ་ན་གྲུབ་པ།སྐྱེས་བུ་ཞིག་གང་དུ་གཉིད་ལོག་པའི་གནས་དེར་རྨི་ལམ་ལམ་ཀྱི་སྣང་བ་འབྱུང་བ་བཞིན་ནོ། ཞེས་གསུངས་པ་ལྟ་བུ་ལ་གོ་བ་མིན་འགྲོ་སྙམས་པས། ཐུན་མོངས་དང་ཐུན་མོངས་མིན་པའི་གོ་དོན་སྐབས་ཤན་ཕྱེད་པ་ཞིག་ཅིས་ཀྱང་གལ་ཆེའོ། འོག་མིན་གྱི་ཁང་པ་ལ་བཞེང་མཁན་དགོས་མིན་ཟེར་བ་ནི་འོག་མིན་གྱི་ཁང་པ་དང་མིས་བཟོས་ཁང་བཟང་གཉིས་དབྱིབ་དང་རྣམ་པ་མཚུངས་པའི་རྐྱེན་གྱིས་རང་རེའི་ཁང་པ་ལ་བཟོ་མཁན་དགོས་པ་བཞིན། འོག་མིན་གྱི་དེ་ལ་ཡང་དགོས་པ་དང་། གལ་སྲིད་བཟོ་མཁན་གྱི་སྐྱེས་བུ་མེད་ན་མེད་དགོས་པར་སྨྲ་བ་ཡིན་བཟོ་འདུག་པས། དེ་ནི་ནམ་མཁའི་འཇའ་ཚོན་དང་སྣམ་བུ་གཉིས་མདོག་དབྱིབ་མཚུངས་པས་སྣམ་བུ་བཞིན་འཇལ་ལ་ཡང་འཐག་མཁན་དགོས་པ་དང་། མེ་ཏོག་དང་ཤིང་འབྲས་ཚེར་མ་སོགས་འགའ་རེ་མིས་བཟོས་ཀྱི་དངོས་པོ་དང་ཤིན་ཏུ་འདྲ་བས་དེ་ལ་བཟོ་མཁན་དགོས་པ་དང་། དྲོད་གཤེར་ཀྱི་སྲོག་ཆགས་རྣམས་མངལ་ལས་སྐྱེས་དང་མཚུངས་པའི་རྐྱེན་གྱིས་ཁོང་ཚོ་ལ་ཡང་ཕ་མ་དགོས་པ་དང་། རྩི་ཤིང་གི་དངོས་པོ་འགའ་རེ་སྲོག་ཆགས་ཀྱི་གཟུགས་དང་ཤིན་ཏུ་འདྲ་བས་དེ་ལ་ཡང་བསྐྱེད་བྱེ་ཀྱི་ཕ་མ་ཡོད་དགོས་ཞེས་བརྩད་པ་ལྟར་མ་གྱུར་ན་ལེགས་སོ། འོན་ཏེ་མདོ་སྔགས་ཀྱི་དགོངས་དོན་མཐར་ཐུག་གཞི་འབྲས་དབྱེར་མེད་ཀྱི་དོན་ལ་བསམ་ན་ནི། འོག་མིན་གྱི་སྣོད་བཅུད་གཉིས་པོ་རང་བྱུང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཉིད་དུ་ངེས་པས་ཁྱེད་ཀྱི་རྩོད་པ་དེ་རིགས་ཀྱང་རྔ་ལ་སྲན་མ་འཐོར་བ་བཞིན་འགོ་བའི་གནས་ག་ལ་ཡོད།


ཡང་མདའ་སྨྱུག་གིས་ལྷ་ཡུལ་གྱི་གྲོང་དང་གྲོང་ཁྱེར་ཕོ་བྲང་དེ་ཚོ་དང་། དམྱལ་བའི་ཡུལ་གྱི་ལྕགས་མཁར་སྒོ་མེད་དང་ཟངས་མོ་ཆེ་དེ་དག་ལྷ་དབང་གིས་བཀོད་བསྒྲིག་བྱས་པ་མིན་ན་གང་ཞིག་ལས་བྱུང་བ་རེད། བྱེད་པ་པོ་མེད་ཀྱང་ལས་ཀྱི་མཐུ་ལ་བརྟེན་ནས་རང་ཤུགས་སུ་གྲུབ་པར་འདོད་ན་ནི་གནམ་བསྐོས་ལས་དབང་སྨྲ་བའི་ལུགས་ཡིན། འོ་ན་མི་ཡུལ་གྱི་ཁང་པ་དང་ཁང་པའི་ནང་གི་འཛིན་ཆས་འདི་ཚོ་འབད་མེད་ལྷུན་འགྲུབ་ཏུ་མི་འབྱུང་བའི་རྒྱུ་མཚན་ཅི་ཡིན་ནམ། མི་རྣམས་ལའང་མི་ཡུལ་གྱི་འཚོ་བ་རོལ་རྒྱུའི་ལས་ཡོད་པ་མིན་ནམ་ཟེར། འདི་ཡང་རྣོ་ལ་གཟུ་བ་ལྟ་བུའི་རིགས་ལམ་ཞིག་སྟེ། ངས་ཀྱང་གདེང་འཇོག་གང་འཚམ་བྱས་ཤིང་དེང་གི་ཆོས་ཕྱོགས་འཛིན་པའི་མཁས་པ་ཚོའི་དབུ་ལ་ཐོག་ལྷུང་བ་འདྲ་སྟེ་གྲགས་འགུལ་ཅི་ཡང་མི་འདུག་པས་སོ།། འོ་ན་ཁྱེད་ཀྱིས་ཀྱང་མ་མཐར་རྒྱུ་རྐྱེན་ཙམ་ཞིག་ནི་ཁས་ལེན་བཞིན་ཡོད་ཚོད་འདུག་པས། ཉ་སྤྲེལ་སོགས་དུད་འགྲོ་ཁག་གཅིག་ལའང་བཟའ་བཏུང་དང་གནས་མལ་སོགས་འབད་མེད་དུ་ཐོབ་བཞིན་འདུག་པ་རྒྱུ་རྐྱེན་གྱི་དབང་གིས་ཡིན་པར་སྨྲ་དགོས་ན། འོ་ན་དུད་འགྲོ་ཁ་ཅིག་དང་མི་ལ་ཡང་དེ་དག་འབད་མེད་དུ་ཐོབ་དགོས་པར་ཐལ་ཏེ་། ཁོ་ཚོ་ལ་ཡང་མི་ཡུལ་གྱི་འཚོ་བ་རོལ་བའི་རྒྱུ་དང་རྐྱེན་དབང་ཡོད་པའི་ཕྱིར་ཞེས། ཀུ་རེའི་ཚུལ་དུ་སྨྲ་བར་འདོད་ཅིང་ལས་དབང་སྨྲ་བའི་ངོར་མ་ཁྱབ་པའི་དཔེ་ཡང་དེ་མིན་ ནམ་སྙམ་བཞིན་ཡོད་པས་ཐུགས་བསམ་རེ་བཞེས་པར་འཚལ།ལས་ངན་བསགས་པ་ཙམ་གྱིས་ལས་འབྲས་ལྕགས་སྲེག་གི་ས་གཞི་དང་ཤལ་མ་ལའི་བུད་མེད་དེ་ཚོ་འབད་མེད་དུ་འབྱུང་ཆོག་ན་།ལས་དཀར་ནག་འདྲེས་མ་བསགས་པའི་མི་ཡུལ་འདིར་ཡང་ས་ཁང་དང་ཤིང་ཁང་དང་ལས་གཟུགས་ཀྱི་མི་མོ་གདོང་དམར་མ་ཚོ་རང་ཤུག་སུ་འབྱུང་མི་ཆོག་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་མཚུངས་པ་བགྲེ་བའི་ཐལ་འགྱུར་ལ་ལན་ཐེབ་པའི་རེ་བ་མེད་ཅེས་ཟེར་།འདི་ལ་གཞན་གྱིས་ལན་མ་ཐེབས་ཀྱང་ཅི་སྐྱོན་ཏེ་སྔ་མ་ལས་ནག་དང་ཕྱི་མ་དཀར་ནག་འདྲེས་མའི་ལས་ཡིན་ཞེས་མི་མཚུངས་པ་ཉིད་དུ་ཁྱེད་རང་ནས་བཤད་ཟིན་འདུག་པས་སོ།དངོས་ལན་ལྷ་དམྱལ་ལ་འདོད་པ་དང་ མི་འདོད་པའི་དངོས་པོ་འབད་མེད་དུ་འབྱུང་བ་དེ་དག་རྣམ་སྨིན་གྱི་ས་པ་ཡིན་པ་དང་ མི་ལ་འབད་པས་ཐོབ་པ་འཛམ་གླིང་ལས་ཀྱི་ས་པ་ཡིན་པའི་རྐྱེན་གྱིས་ཡིན་པ་འདི་ཙམ་ ཡང་མཁྱེན་པར་འཚལ་ལོ། ། བསྐལ་བ་སྐད་ཅིག་་ཏུ་བསྒྱུར་བ་དང་སྟོང་ཉིང་ལ་ རྣམ་བཞག་ཐམས་ཅད་མི་འཐད་པའི་རྩོད་སྤོང་།> གང་ཟག་ཅིག་གི་སྟོབས་ཤུགས་ལ་བརྟེན་ནས་དངོས་པོ་ཆུང་བའི་ནང་དུ་ཆེ་བ་བསྡུ་ཐུབ་པ་དང༌། དུས་ཚོད་ཐུང་ངུའི་ནང་ལ་རིང་པོ་འགྲོ་ཐུབ་པའི་རིགས་ལམ་ཞིག་ལྟོས་བཅས་ཚན་རིག་པས་རྙེད་མེད་ལ། དངོས་གཟུགས་ཤིག་གི་འགུལ་སྐྱོད་དང་འཐེན་ཤུགས་ལ་བརྟེན་ནས་དངོས་གཟུགས་གཞན་གྱི་ཚེ་ཚད་དང་བོངས་ཚད་འགྱུར་འགྲོ་བའི་རིགས་ལམ་ཞིག་སངས་རྒྱས་ཆོས་གཞུང་དུ་བཤད་མེད། སངས་རྒྱས་ཆོས་གཞུང་དུ། དངོས་པོ་ཆུང་བ་རྣམས་ཆེ་བར་བསྒྱུར། དུས་ཚོད་ཐུང་ངུ་རྣམས་རིང་པོར་བསྒྱུར། ཁ་ཟས་མི་ཞིམ་པ་རྣམས་ཞིམ་པར་བསྒྱུར། ལོང་བ་མིག་ལྡན་དང༌། ཞ་བོ་རྐང་བཟང་དུ་བསྒྱུར་བ་སོགས་མེད་པ་དང་མ་ཡིན་པ་མང་པོ་ཞིག་ཡོད་པ་དང་ཡིན་པར་བསྒྱུར་ཐུབ་པའི་ཚུལ་ཞིག་བཤད་ཡོད་ལ། དེ་ལྟར་བསྒྱུར་ཐུབ་པའི་རྒྱུ་མཚན་ནི་སངས་རྒྱས་མཐུ་རྩལ་ཆེ་བས་ཡིན་ཟེར། དེ་ལྟར་ན་དམྱལ་བ་ཞིང་ཁམས་དང༌། འཁོར་བ་མྱང་འདས་སུ་བསྒྱུར་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་བསམ་དགོས་ཤིང༌། ཡང་རྡུལ་ཕྲན་དང་ལྷུན་པོ་མི་འགལ་བ་དང༌། སྐད་ཅིག་དང་བསྐལ་པ་མི་འགལ་བའི་ཚུལ་ཞིག་བཤད་ཡོད་ལ། དེ་དག་མི་འགལ་བའི་རྒྱུ་མཚན་ནི། ཆོས་རྣམས་ཅིར་ཡང་མ་གྲུབ་པའི་གནད་ཀྱིས་གང་ཡང་འཆར་ཆོག་པ་དང༌། བདེན་པར་མ་གྲུབ་པའི་དབང་གིས་སྣ་ཚོགས་སུ་སྣང་དུ་རུང་བ་འདི་ཡིན་ཟེར། དེ་ལྟར་ན་འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་དང༌། དགེ་སྡིག་གི་འབྲས་བུ་འཆོལ་ནས་སྨིན་པ་སོགས་སྣང་མི་ཆོག་པའི་རྒྱུ་མཚན་གང་ཡིན་དཔྱད་དགོས།      ཟེར་བ་ལ། མཁས་དབང་དགེ་ཆོས་ལྟར་ན་བསྐལ་བ་སྐད་ཅིག་མིན་པར་མ་གྲུབ་པ་དང་ཆུང་ངུ་ཆེན་པོ་མིན་པར་མི་བདེན་པའི་གནད་ཀྱིས་བསྐལ་པ་སྐད་ཅིག་དང་ཆེན་པོ་ཆུང་ངུར་བསྒྱུར་དུ་བཏུབ་ཀྱང་དམྱལ་བ་ཞིང་ཁམས་མིན་པ་དང་སེམས་ཅན་སངས་རྒྱས་མིན་པར་བདེན་པའི་རྒྱུ་མཚན་གྱིས་དམྱལ་བ་དང་སེམས་ཅན་ཞིང་ཁམས་དུ་བསྒྱུར་དུ་མེད་ཅེས་ལན་གནང་རྒྱུ་ཡིན་པ་འདྲ་སྟེ། ཀླུ་བསྒྲུབ་དགོངས་རྒྱན་ལས། གལ་ཏེ་སངས་རྒྱས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ལ་དད་པ་ཕྲན་ཙམ་ཡོད་ན་། སངས་རྒྱས་ཀྱིས་བསྐལ་པ་སྐད་ཅིག་དང་རྡུར་ཕྲ་རབ་འཇིག་རྟེན་དང་མཉམ་པར་མཛད་པ་འདི་ཀུན་ལ་ཡིད་ཆེས་ཅུང་ཟད་རེ་དགོས།  འོ་ན་རང་ཅག་གི་བློ་འདི་ཚད་མ་ཡིན་ན་། རྡུལ་ཕྲ་རབ་གཟུགས་ཀྱི་ཆུང་བའི་མཐར་ཐུག་ཡིན་པར་ཐག་ཆོད་། འཇིག་རྟེན་ཤིན་ཏུ་རྒྱ་ཆེ་བར་ཡང་ཐག་ཆོད་།  ཆུང་བའི་ནང་དུ་ཆེན་པོ་མི་ཤོང་བར་ཡང་ཐག་ཆོད་པས། སངས་རྒྱས་རྫུ་འཕྲུལ་དང་ནུས་པ་ཅི་ཙམ་ཆེ་ཡང་ཚད་མས་གྲུབ་པའི་རྣམ་བཞག་བཤིག་པར་ག་ལ་ནུས། གལ་ཏེ་ནུས་ན་སངས་རྒྱས་ཀྱི་ནུས་པས། ཆོས་ཐམས་ཅད་བདེན་གྲུབ་ཏུ་བསྒྱུར་ཨེ་ནུས།སེམས་ཅན་ཐམས་ཅད་སངས་རྒྱས་སུ་བསྒྱུར་ཨེ་ཐུབ། དེ་མི་ཐུབ་པའི་རྒྱུ་མཚན་སེམས་ཅན་སངས་རྒྱས་མིན་པ་དང་ཆོས་ཐམས་བདེན་མེད་ཡིན་པའི་རྒྱུ་མཚན་གྱིས་ཡིན་ན་མ་གཏོགས་གཞན་ཅིའི་ཕྱིར་བསྒྱུར་མི་ནུས། སོགས་གསུངས་འདུག་པས་སོ།ཁོང་ལ་ཡང་།  འོ་ན་སེམས་ཅན་སངས་རྒྱས་མིན་པ་དང་དམྱལ་བ་ཞིང་ཁམས་མིན་པའི་རྒྱུ་མཚན་གང་། ཚད་མས་གྲུབ་པ་ཨེ་ཡིན་དེ་མིན་ན་སེམས་ཅན་སངས་རྒྱས་མིན་པའི་རྒྱུ་མཚན་ཅི་ཞེས་དྲི་རྒྱུ་ཡོད་མོད་།  དེ་ལ་དོགས་སེལ་གྱི་ལན་ཅི་ཡང་མ་མཛད་པས་དཔྱད་པ་མཐིལ་ཕྱིན་པའི་གསུངས་དུ་ནི་མ་མཐོང་ངོ་། དེའི་ཁུངས་ཡང་སྡོང་པོ་བཀོད་པའི་མདོ་ལས།ནོར་བཟང་གིས་བཤེས་གཉེན་བསྟེན་པའི་སྐབས་སུ་བ་སྤུའི་ཁུང་བུ་དང་སྦྱར་ནསཇི་ལྟར་མཐོང་བའི་ཚུལ་གསུངས་པ་ལྟར་བཟང་པོ་སྤྱོད་པ་ལས་འབྱུང་བ་ནི་།  རྡུལ་ཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ་། ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས།ཞེས་པ་ནས། སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་རྙེད་ཀྱི། སངས་རྒྱས་རྒྱ་མཚོའི་ཞིང་རྣམས་རྒྱ་མཚོ་དང་།བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག། ཞེས་དང་།གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག། སྐད་ཅིག་ཆ་ཤས་ཅིས་ནི་ཞུག་པར་སྤྱད་།ཞེས་སོགས་གསུངས་ཤིང་།འཇུག་པ་ལས་ཀྱང་དེ་དང་མཚུངས་པར།  དེ་བཞིན་ཚུལ་ཁྲིམས་བཟོད་བཙོན་ཏིང་འཛིན་དང་། ཤེས་རབ་སྤོད་ཚེ་སྔར་གྱི་གནས་སྐབས་རྣམས། མ་ཚངས་མེད་དེ་དག་ཉིད་སྤྱོད་པ་ཀུན་།སྐུ་ཡི་བ་སྤུའི་ཁུང་བུར་གསལ་བར་སྟོན་།ཞེས་དང་། དག་པ་འདི་ཡི་བཞེད་པ་འཇུག་པ་ཡིས། རྡུལ་ཅིག་ཡུལ་ལ་མཁས་གཏུག་འཇིགརྟེན་དང་།འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད་།  རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར་།  ཞེས་དང་།རྣམ་རྟོག་མི་མངའ་ཁྱོད་ཀྱིས་སྲིད་མཐའི་བར་།  སྐད་ཅིག་དེ་རེ་རེ་ལ་སྤྱོད་སྣ་ཚོགས།ཇི་སྙེད་སྟོན་པ་དེ་སྙེད་འཛམ་བུའི་གླིང་།མ་ལུས་རྡུལ་དག་དེ་སྙེད་ལ་ག྄ངས་མེད་།  ཞེས་སོགས་འབྱུང་། དེ་འདྲའི་རྡུལ་དེ་ཕྲ་རབ་ལ་གོ་དགོས་པ་མ་ངེས་ཤིང་། གཞུང་གུང་བསྒྲིག་པའི་དབང་དུ་བྱས་ན་རྡུལ་གཅིག་སྟེང་ན་ཞེས་པའི་རྡུལ་དེ་ཡང་སྐྲ་ཡི་རྩེ་མོའི་ཁྱོན་ཙམ་གྱི་རྡུལ་ལ་གོ་མི་རུང་བ་མེད་ཅིང་། འགྲེལ་བྱེད་འགའ་རེ་ལྟར་ན་་སྐྲ་ཡི་ཁྱོན་ཞེས་པ་ཡང་བྱིས་པའི་ལམ་གྱི་དོན་དུ་བྱས་ནས་མ་དག་པའི་ཞིང་དང་འཛམ་བུའི་གླིང་སོགས་ལ་འགྲེལ་མཁན་ཡང་ཡོད་པ་ཡིན་འདུག་མོད། འགྲེལ་བ་འགའ་རེ་ལས་ཕྲ་རབ་ལ་སྦྱར་བ་ཡང་བྱུང་ཞིང་།    རྒྱ་ཆེ་ཤོས་ཀྱི་ཞིང་དང་ཆུང་ཤོས་ཀྱི་དངོས་པོ་རྡུལ་གཉིས་ལ་སྦྱར་བའི་དོན་དུ་ཏ་ར་ན་ཐས་བཟང་སྤྱོད་འགྲེལ་བ་ལས་གསུངས། དེ་ལྟ་ན་ཡང་དེ་འདྲའི་རྡུལ་དང་ཞིང་ཁམས་འཕགས་ཆེན་རྣམས་ཀྱི་དག་པའི་སྣང་ཚུལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལམ་ཡེ་ཤེས་ཀྱི་རང་སྣང་ཙམ་ལས་ཞིང་རྡུལ་རང་མཚན་པར་གོ་མི་དགོས་པས་ཁྱེད་ཀྱིས་བརྗོད་པའི་སྐྱོན་དེ་དག་འཇུག་པར་མ་ངེས་སྟེ།  དེ་འདྲའི་སྣང་ཚུལ་དེ་ཡང་དཔེ་གློག་བརྙན་ཆུང་ངུ་ཞིག་གི་ནང་དུ་མི་བརྒྱ་ཚོ་མང་པོ་དུས་ཅིག་ཏུ་སྣང་བ་ལྟར་ལས།    སྒོམ་ཆུང་ཞིག་གི་ནང་དུ་ཡུལ་ཁམས་ཞིག་བཙུད་པ་ལྟ་བུ་ནི་ཡིན་དགོས་པར་མ་ངེས་པས་སོ།    དེ་ལྟར་ཡང་ཏ་ར་ན་ཐའི་བཟང་འགྲེལ་ལས།  རྡུལ་གཅིག་ཏུ་སངས་རྒྱས་མང་པོ་བཞུག་པ་སོགས་ནི་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་དེ་ལྟར་སྣང་བ་དང་། ལས་དང་པོ་པས་ནི་མོས་པ་ཡིད་བྱེད་ཁོ་ནར་ཟད་དོ་།   སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡང་དེ་དང་འདྲ་མོད་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཁོ་ན་ཡིན་པས།  ཕྱི་རོལ་གྱི་རྡུལ་ལམ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཙམ་ལ་མི་གནས་ཤིང་མི་སྤྱོད་དེ་། རྡུལ་དང་སྤྱོད་ཡུལ་དེ་དག་ནི་དོན་དམ་པའི་ཡེ་ཤེས་ཀྱི་ངོ་ན་མེད་པའི་ཕྱིར་རོ་།  ཞེས་དང་།   རྡུལ་གཅིག་གི་ནང་དུ་སངས་ཀྱི་ཞིང་སྟོན་པ་ལ། རྨི་ལམ་ན་ཁང་པ་དོག་པོའི་ནང་དུ་། གླང་པོ་ཆེའི་ཁྱུ་དང་ནགས་ཚལ་ལ་སོགས་པ་བདེ་བར་སྤྱོད་པ་སྣང་ལ། སད་པའི་དུས་ན་ཡང་དྲན་པ་དང་། ཆུ་སྣོད་གཅིག་གི་ནང་དུ་ཉི་ཟླ་གཟའ་སྐར་ཡུལ་ལྗོངས་ལ་སོགས་པ་ཆུ་ལ་གཟུགས་བསྙན་དུ་འཆར་བ་དཔེར་མཛད་དེ་།  སེམས་ཀྱི་སྣང་བ་ཙམ་དང་། རྟེན་འབྲེལ་གྱི་མཐུ་ལས་དེ་ལྟར་སྣང་བ་མི་འགལ་བ་དང་། རྣལ་འབྱོར་གྱི་མཐུ་སྟོབས་བསམ་གྱིས་མི་ཁྱབ་པའི་ཕྱིར་ན་ཡིད་ཆེས་པར་བྱའོ།  ཞེས་གསུངས།  འདི་ཡང་རང་ལ་སྐྱེས་པའི་གོ་བའི་སྤྱི་དང་ཕྱིས་གཞན་གཞུང་མཐོང་བའི་དོན་ར་འཕྲོད་པ་ཡིན་གྱི། གཞན་ལ་བརྟེན་ནས་བཤད་པ་ཙམ་ཁོ་ན་ནི་མ་ཡིན་ནོ།  དེ་ཙམ་མ་ཟད་།  འཇུག་པ་ལས་ཀྱང་།སྐུ་ཡི་བ་སྤུའི་ཁུང་བུར་གསལ་བར་སྟོན། ཞེས་དང་། འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད་།  ཞེས་སྟོན་པར་མཛད་པ་ཙམ་ལས་འཛུད་པར་མ་གསུངས་པ་དང་། རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར། ཞེས་པའི་ཚིགས་གི་གདོང་རིས་ལས་དཔག་ན་། སྐལ་བ་སྐད་ཅིག་དང་འཇིག་རྟེན་རྡུལ་དུ་བསྒྱུར་བ་མ་ཡིན་པར་ཡང་གྲུབ་བམ་སྙམ་སྟེ།   གལ་སྲིད་རྡུལ་འཇིག་རྟེན་དུ་བསྒྱུར་ན་ནི་ཅིས་ཀྱང་རྡུལ་དེ་རགས་པར་འགྱུར་དགོས་ཤིང་། འཇིག་རྟེན་རྡུལ་དུ་བསྒྱུར་ན་ཡང་ཕྲ་བར་མི་འགྱུར་མི་སྲིད་པས་སོ། དེ་ལས་དཔག་ན་བསྐལ་པ་སྐད་ཅིག་དང་སྐད་ཅིག་བསྐལ་བར་བསྒྱུར་ཞེས་པ་ཡང་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་རང་སྣང་ཙམ་ལ་གོ་མི་ཆོག་པ་མེད་ཅིང་། དུས་གསུམ་གྱི་བསྐལ་བ་ལ་སྐད་ཅིག་གིས་ཞུག་པའི་ཚུལ་ཡང་དཔེ་སྐད་ཅིག་ཡུད་ཙམ་གཉིད་དུ་སོང་བའི་རྨི་ལམ་ན་ཡང་རང་ཉིད་བྱིས་པ་ནས་དར་ལ་བབ་པ་དང་རྒན་པོར་གྱུར་པའི་བར་གྱི་སྣང་བ་ཆ་ཚང་འཆར་དུ་ཡོད་པ་བཞིན་སངས་རྒྱས་བྱང་སེམས་རྣམ་པར་ཡང་ཏིང་འཛིན་དང་།   ཡེ་ཤེས་ཀྱི་རང་སྣང་ལས་དུས་སྐད་ཅིག་ཡུད་ཙམ་རེར་ཡང་བསྐལ་བ་དུ་མར་བསྒྲུབ་དགོས་རྒྱུའི་མཛད་པ།    དངཔོར་ཐུགས་བསྐྱེད་པ་ནས་བར་དུ་སྤྱོད་པ་སྤྱད་པ་མཐར་མངོན་པར་རྫོགས་པར་སངས་རྒྱས་པའི་བར་གྱི་སྤྱོད་ཚུལ་ལམ་སྣང་ཚུལ་མཐའ་དག་མིག་འཕྲུལ་བཞིན་དུ་བསྟན་པའི་དོན་མིན་ནམ་སྙམ་དུ་སེམས་ཏེ། འཇུག་པ་ལས། ཇི་འདྲའི་ཆོས་དང་དེར་བདག་ཇི་འདྲ་དང་། ཆོས་ཐོས་སྤྱོད་པ་གང་ལ་སྤྱད་པ་དང་།  སྦྱིན་གང་ཇི་ཙམ་དེ་དག་ལ་ཕུལ་བ།  དེ་དག་མ་ལུས་སྐུ་ཅིག་ལ་སྟོན་མཛད་།  ཞེས་དང་། དེ་བཞིན་ཚུལ་ཁྲིམས་བཟོད་བརྩོན་ཏིང་འཛིན་དང་།  ཤེས་རབ་སྤྱོད་ཚེ་སྔར་གྱི་གནས་སྐབས་རྣམས།    མ་ཚང་མེད་དེ་དེ་དག་སྤྱོད་པ་ཀུན། སྐུ་ཡི་བ་སྤུའི་ཁུང་བུར་གསལ་བར་སྟོན།  ཞེས་པ་ནས།  སངས་རྒྱས་གང་དག་འདས་དང་འབྱུང་འགྱུར་དང་།  གང་དག་ད་ལྟར་ནམ་མཁའི་མཐས་ཐུག་པར་།  གདངས་མཐོན་ཆོས་སྟོན་སྡུག་བསྔལ་གྱིས་བཟུང་བའི།  འགྲོ་དབུགས་འབྱིན་ཞིང་འཇིག་རྟེན་བཞུགས་པ་དང་།  དང་པོའི་ཐུགས་བཟུང་བྱང་ཆུབ་སྙིང་པོའི་བར།  དེ་དག་སྤྱོད་ཀུན་དངོས་རྣམས་མིག་འཕྲུལ་འཕྲུལ་གྱི།རང་བཞིན་མཁྱེན་ནས་བདག་བཞིན་བ་སྤུ་ཡི།  ཁུང་བུར་དུས་གཅིག་ལ་ནི་གསལ་བར་སྟོན་།  ཞེས་འབྱུང་བ་བཞིན་ནོ།  བསྐལ་བ་སྐད་ཅིག་ལ་བསྒྱུར་བའི་གོ་དོན་དེ་གས་སྐད་ཅིག་བསྐལ་བར་སོང་བའི་དོན་ཡང་གོ་ནུས་པས་ལོག་སུ་བཤད་མི་དགོས་ཏེ། &nbspམི་ཁང་པའི་ནང་བསྡད་པ་ཤེས་ན་ཁང་པ་མི་བས་མི་ཆུང་བ་དོན་གྱིས་གོ་བ་བཞིན་ནོ།;;དེ་དང་ཕྱོགས་ཙམ་མཚུངས་པར་བཟང་འགྲེལ་ལས།   འདི་ནི་དབང་ཐོབ་པ་ན།  བསྐལ་བའམ་བསྐལ་བ་མང་པོ་སྐད་ཅིག་ལ་སྡུད་པ་དང་།   སྐད་ཅིག་རེ་རེ་ལ་ཡང་བསྐལ་པ་དུ་མ་སྟོན་པ་སྟེ།   དཔེར་བགྱི་ན་སེམས་ཅན་སྤྱི་མཐུན་གྱི་རྩ་བའི་སྣང་བ་འི་སྣང་བ་ལ།  སྐད་ཅིག་གཅིག་གམ་ཡུད་ཙམ་ཅིག་ལ་སོགས་པར་སྣང་བའི་དུས་ཚོད་དེ་ལ།   བྱང་ཆུབ་སེམས་དཔའ་རང་ཉིད་ཀྱི་སྣང་བ་ལའང་བསྐལ་པ་དང་སྐད་ཅིག་མི་འགལ་བར་འཆར་བ་དང་། རྣམ་པར་འཕྲུལ་བའི་སྟོབས་ཀྱིས་ཞིང་ཁམས་འདིའི་གོ་ས་དང་། ཕྱོགས་བཅུ་གཞན་གྱི་ཞིང་ཁམས་མང་པོར་དེ་དང་དེའི་སེམས་ཅན་ཀུན་ལ་བསྐལ་པ་མང་པོ་ཡང་དངོས་སུ་མྱོང་ཞིང་།   དུས་དེ་སྙེད་དུ་ཆོས་སྤྱད་པས་ཚོགས་རྫོགས་ཤིང་སྒྲིབ་པ་བྱང་བར་འགྱུར་བས་ཏེ།  སྐད་ཅིག་ཅིག་ལ་བསྐལ་བ་མཐའ་ཡས་པའི་བར་དུ་བསྒྲུབ་དགོས་རྒྱུའི་ཚོགས་བསོག་ལོངས་ཡང་ཡོད་ཅིང་།  སྤྱོད་པ་སྤྱོད་པ་སྤྱོད་ནུས་པའོ། ཡང་སྤྱི་མཐུན་སྣང་བ་རྩ་བ་དེ་ལ་ང་ནུས་ལ།བྱ་བ་ཡུད་ཙམ་གཅིག་པུ་ལན་ཅིག་གིས་བསྐལ་བའམ་བསྐལ་བ་མང་པོ་ཡོད་ཀྱང་།   ཡུན་རིང་དུ་ཐོགས་པར་མ་ངེས་ཏེ། བསྐལ་བ་སྐད་ཅིག་མར་སྡུད་པའི་ཕྱིར་དང་།  བསྐལ་བ་མང་པོའི་བྱ་བ་ཉམས་སུ་མྱོང་བས་ཡུད་ཙམ་ཅིག་གིས་འགྲུབ་པར་ཡང་ནུས་ལ།  བྱ་བ་ཡུད་ཙམ་ཅིག་པུ་ལན་ཅིག་གིས་བསྐལ་བའམ་བསྐལ་པ་མང་པོ་འཁྱོངས་བར་ཡང་བྱེད་དོ་།   དེ་ལྟར་ན་དུས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ཀྱིས།  དུས་རིང་ཐུང་དབྱེ་བ་མེད་པར་སྤྱོད་པ་སྟེ།  འདིའི་དགོས་པ་ནི་སྐད་ཅིག་ལ་ཡང་མཐའ་ཡས་པའི་བྱེད་ལོངས་ཡོད་ལ།  བསྐལ་བ་ལ་ཡང་ཡུན་རིང་བསྒུག་མི་དགོས་པའི་ཕྱིར་ཏེ།དུས་ཐུང་ངུ་ལ་བྱ་བ་རྒྱ་ཆེན་པོ་མི་འགྲུབ་པར་དོགས་པས། བློ་ཙབ་ཙོབ་ཏུ་མི་འགྱུར་བ་དང་།  རྒྱ་ཆེན་པོ་ལ་ཡུན་རིང་དུ་ཐོགས་པས་ངལ་ཞིང་སྐྱོ་བར་འགྱུར་བའི་གཉེན་པོའོ།   ཞེས་འབྱུང་ངོ་།  དགོངས་གཞི་དང་དགོས་པ་དེ་ལྟ་བུའི་ཚུལ་གྱིས་ལུང་དེ་དག་དྲངས་དོན་དོན་དུ་བཀྲལ་ཀྱང་མི་རུང་བ་ཆེར་མེད་མོད་། དེ་སྔོན་སུས་ཀྱང་དེ་ལྟར་མ་གསུངས་པས་རེ་ཞིག་འཇོགས་གོ།   ཇོ་བོ་སན་ཚའི་སྐོས་པོར་ནང་འཛུལ་བ་དང་རྗེ་བཙུན་གཡག་རའི་ནང་བཞུགས་པ་སོགས་རྣལ་འབྱོར་པའི་སྤྱོད་པའི་སྐབས་སུ་གསུངས་པའི་དག་པའི་སྣང་ཚུལ་འགའ་རེ་ཁྱེར་འོང་ནས་འདིར་ལྟ་གྲུབ་ལ་སུན་འབྱིན་ན་འོས་མིན་མི་ཤེས་མོད་།  དེ་དག་ཀྱང་སྔ་མ་བཞིན་འགྲེལ་མི་རུང་བ་མེད་ཅིང་རྗེ་བཙུན་ཆུང་དུ་མ་སོང་བའི་དོན་ཡང་གློག་བརྙན་གཡག་རྭ་ཙམ་གྱི་ནང་དུ་མི་ཆེན་པོའི་གཟུགས་བརྙན་ཆེན་པོའི་ཉམས་དང་བཅས་ཏེ་ཆ་ཤས་ཙམ་ཡང་མ་ཉམས་པར་འཆར་བ་ལྟ་བུ་ཞིག་མིན་འགྲོ་སྙམ། འདི་ཡང་ལྷུན་པོ་རྡུལ་དུ་བསྒྱུར་བའི་མཚོན་བྱེད་དུ་མི་འགྲོ་བ་ནི་རྗེ་བཙུན་ཆུང་དུ་མ་སོང་ཞེས་པ་རང་གིས་གྲུབ་སྟེ། གལ་སྲིད་རྗེ་བཙུན་གྱི་སྐུ་དེ་གཡག་རྭ་ཙམ་དུ་བསྒྱུར་བ་ཡིན་ན་ནི་ཆུང་དུ་མི་འགྲོ་མི་སྲིད་ཅིང་།   ཅི་སྟེ་ཅུང་ཟད་ཙམ་ཡང་ཆུང་དུ་མ་སོང་ན་ནི་མ་བསྒྱུར་བ་ལས་གཞན་ཅི་ཞིག་ཡིན། རྗེ་བཙུན་ལ་ཆེ་རྒྱུ་དང་གཡག་རྭ་ཆུང་རྒྱུ་མེད་པའི་དཔེ་དེ་ཁོ་ནས་ཀྱང་དེའི་རིགས་མཐའ་དག་སྣང་ཚུལ་ཙམ་ལས་གནས་ཚུལ་མིན་ཞེས་གསལ་བཤད་བྱས་པ་མ་ཡིན་ནམ། དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསད་པ་གསོ་བ་དང་།དབུ་དང་སྤྱན་མི་སྲུན་པའི་སྐྱེ་བོ་འགའ་རེ་ལ་བྱིན་པ་ལས། སྨོན་ལམ་གྱི་སྟོབས་ཀྱིས་སླར་ཡང་སྔ་མ་བཞིན་གྱུར་པར་གསུངས་པ་སོགས་མང་པོ་ཞིག་ཀྱང་།གདུལ་བྱ་འདུལ་བའི་ཐབས་ལ་མཁས་པས།རྒྱུ་མ་དང་མིག་འཕྲུལ་བཞིན་དུ་ཡེ་ཤེས་དང་སྨོན་ལམ་གྱི་སྟོབས་ལས་བྱུང་བའི་རྣམ་པར་འཕྲུལ་བ་ཙམ་དུ་གོ་དགོས་པ་མིན་ནམ་སྙམ་ཏེ།   གལ་ཏེ་སྦྱིན་པ་རང་རྒྱུད་པ་ཡིན་ན་ནི་སྙིང་སྟོབས་ཆེན་པོའི་སྟག་མོ་ལུས་སྦྱིན་དང་ཀླུ་སྒྲུབ་ཡབ་སྲས་ཀྱིས་དབུ་དང་སྤྱན་བྱིན་པ་བཞིན་སླར་གསོན་པ་ཡང་ཤིན་ཏུ་དཀའ་བས་སོ། &སྐད་ཅིག་བསྐལ་པར་བསྒྱུར་བ་རང་སྣང་ཏེ། ལྷུན་པོ་རྡུལ་ནང་འཆར་བའང་སྣང་ཚུལ་ཙམ། དོན་ལ་རྡུལ་རགས་འཇིག་རྟེན་མི་ཕྲ་ཞེས། དཔལ་ལྡན་ཟླ་བའི་ཞབས་ཀྱིས་ལེགས་པར་གསུངསnbsp ;ཆོས་རྣམས་གང་དུ་ཡང་མ་གྲུབ་པས་ཅི་ཡང་འཆར་ཆོག་ན་དགེ་སྡིག་གི་འབྲས་བུ་འཆོལ་ནས་སྨིན་པ་དང་། སེམས་ཅན་སངས་རྒྱས་ཡིན་མི་ཆོག་པ་ཅི་སོགས་ཚིགས་ཙམ་ཞིག་བཏང་བར་དགྱེས་ན་རག་མོད་།     དེ་མིན།   གང་ལ་སྟོང་པ་ཉིད་རུང་བ། དེ་ལ་ཐམས་ཅད་རུང་བར་འགྱུར།   གང་ལ་སྟོང་ཉིད་མི་རུང་བ།  དེ་ལ་ཐམས་ཅད་རུང་མི་འགྱུར།   ཞེས་པའི་དོན་ཡང་།   གྲུབ་མཐའ་སྨྲ་བའའམ་གང་ཟག་གང་ལ་སྟོངས་པ་ཉིད་ཀྱི་རྣམ་བཞག་རུང་བའམ་ཤེས་ན།  དེ་ལ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཐམས་ཅད་འཐད་ལྡན་དུ་རུང་བའམ་བྱེད་དུ་བཏུབ་པ་དང་།   དེ་མི་རུང་ན་ཐམས་ཅད་མི་རུང་བའམ།   ཡང་ན། ཇི་སྐད་དུ། ཆོས་རྣམས་སྟོང་པ་འདི་ཤེས་ཤིང་། ལས་དང་འབྲས་བུ་བརྟེན་པ་གང་། ངོ་མཚར་བས་ཀྱང་འདི་ངོ་མཚར། རྨད་བྱུང་བས་ཀྱང་འདི་རྨད་བྱུང་། ཅེས་པ་ལྟར། གང་ལ་བདེན་པས་སྟོང་བའི་རྣམ་བཞག་རུང་ན་དེ་ལ་རྟེན་འབྲེལ་གྱི་རྣམ་བཞག་རུང་བས་ལས་འབྲས་ཀྱིས་མཚོན་པའི་འཁོར་འདས་ཀྱི་རྣམ་བཞག་ཐམས་ཅད་རུང་བ་དང་།   གང་ལ་བདེན་སྟོང་ཀྱི་རྣམ་བཞག་མི་རུང་བ་དེ་ལ་རྟེན་འབྲེལ་ གྱི་རྣམ་བཞག་མི་རུང་བས་ལྟོས་ནས་གྲུབ་པའི་འཁོར་འདས་ཀྱི་རྣམ་པར་བཞག་པ་མཐའ་དག་མི་རུང་ཅེས་པའི་དོན་དུ་འདུག་མོད་།   འོན་ཏེ་ཁྱེད་ལ་དགེ་སྡིག་གཉིས་ཡིན་དང་ལས་འབྲས་འཆོལ་ནས་སྨིན་པ་སེམས་ཅན་སངས་རྒྱས་དང་མོ་གཤམ་བུ་ཡོད་པ་སོགས་སུ་རུང་སོང་ན་དེ་ནི་ཚིགས་ཙམ་ཀྱི་རུང་བ་ལས།   དོན་ལ་ཐམས་ཅད་མི་རུང་བའི་ཚད་དུ་སོང་བ་ཤེས་དགོས་སྟེ།   དེ་ལྟ་ན་བདེན་པ་གཉིས་དང་འཁོར་འདས།    སྐྱེས་པ་དང་བུ་སྨད་།   དེ་བཞིན་མེ་ཆུ་དང་དཀར་ནག་སོགས་ཕར་ཡིན་ཚུར་ཡིན་གྱི་ཁྲ་ལེབ་བམ།   མེད་པ་དང་མིན་པ་སོགས་སུ་རུང་དགོས་པས་ཅི་མིན་ཅང་མེད་ཀྱི་ནག་ལམ་ཞིག་དུ་འགྲོ་བ་ལས་འོས་མེད་པས་སོ། མི་དུད་གཉིས་འགྲོ་བ་གཞན་མི་ འཐད་པའི་རྩོད་སྤོང་།   ཡང་ཁྱེད་ནས་རིགས་དྲུག་ལྟ་ཅི་རང་རེས་མཐོང་བཞིན་པའི་མི་དང་དུད་འགྲོ་གཉིས་ལས་གཞན་ལྷ་ཀླུ་སོགས་སུ་ཡང་མེད་པར་ཐག་བཅད་འདུག། འོ་ན་ང་ཚོར་ཡུལ་ལྷར་ཕོག་ཐུག་ཅེས་པ་ཞིག་དངོས་སུ་འགྲོ་རྒྱུ་འདུག་པ་དེ་རིགས་གང་ཡིན་ནམ། དེ་ནི་ངའི་མི་ཚེའི་ནང་དུ་ཡང་བྱུང་མྱོང་བ། དཔེར་ན། ང་ རང་ལོ་ལྔ་དྲུག་ཙམ་གྱི་སྐབས་གནས་ཡུལ་གྱི་ཉེ་འཁྲིས་སུ་སྐྱ་ཚང་ལེབ་ཞེས་པར་ཤུག་ སྡོང་ཆེན་པོ་ཞིག་ཡོད་པར་མི་ཚོས་གཉེན་རབ་བཤད་ནས་ང་ཚོར་དེ་ལ་གནོད་པ་བྱ་རྒྱུ་ མེད་སྐོར་ཤོད་བཞིན་ཡོད། ཉིན་གཅིག་ང་ཚོས་ཉན་འཇོག་མ་བྱས་པར་ཤིང་སྡོང་ཆེན་པོ་དེའི་ཡལ་ག་གང་མང་ཞིག་བཅད་དེ་ཁྱིམ་དུ་ཁྱེར་བས། ཕྱི་ཉིན་ནངས་པར་ལུག་ལྷས་ན་ལུག་གུ་ཡག་ཤོས་ཁག་གཅིག་རྒྱུ་རྐྱེན་གཞན་ཅི་ཡང་མེད་པར་དབུགས་ལྡིར་ནས་ཤི་འདུག་པ་དང་། ཡང་ཆུ་མིག་ཅིག་ཏུ་ཐུར་མ་བཙུགས་ནས་གང་སར་ཆུ་བཏོན་དུ་བཅུག་པས་ལག་པར་རྨ་ཐོར་བྱུང་བ་དང་། ངའི་སྤུན་ཆེ་བས་གླ་བའི་རོ་གཅིག་རྙེད་པ་ཐག་དྲུད་བྱས་བྱུང་བས་དེ་འཕྲལ་ཐོག་ལྷུང་སྟེ་ཕྱུགས་སོགས་བསད་པ་དང་། ང་ལ་ཡང་ཅུང་མིན་ན་ཐེབས་སོང་བས་མཚོན། མི་གཞན་ལ་ཡང་དེ་འདྲ་རྩིས་ཀྱིས་མི་ལངས་པ་ལྟ་བུ་བྱུང་འདུག་པ་དང་། ཡང་མི་ཚང་ཞིག་ཁང་པ་སྤོས་པའི་རྐྱེན་གྱིས་རིམ་བཞིན་ནང་མི་ཆ་ཚང་ཤི་སོང་བ་ལྟ་བུ་དང།དེ་བཞིན་པྲ་ཕབ་པ་དང་ལྷ་འབེབ་པ་སོགས་ཚད་ལྡན་ཁ་ཅིག་ལ་ལྐོག་གྱུར་གྱི་དོན་འགའ་རེ་གསལ་བར་སྨྲ་ནུས་པའི་མངོན་ཤེས་ཕྲ་མོ་རེ་ཡོད་པ་ནི་མངོན་སུམ་གྱིས་གྲུབ་འདུག་པ་དེ་རིགས་གང་ཡིན་ནམ། དེ་ཡང་དཔེས་མཚོན་ ཙམ་དུ་ཉེ་དུས་བྱུང་བའི་ཁ་ཚ་པྲ་པ་ཞེས་པའི་སྐད་གྲགས་ཅན་དེས་ལྐོག་གྱུར་གྱི་ དོན་འགའ་རེ་འཁྲུལ་མེད་དུ་སྟོན་ནུས་པ་ནི་ཡོངས་སུ་གྲགས་ཤིང་ཁྱད་པར་རྒྱ་ནག་ སྲིད་གཞུང་གིས་ཀྱང་ཉམས་བརྟགས་ཆེད་ར་ཚ་ཁར་ཡོངས་ནས་པེ་ཅིན་མཁར་གྱི་ཕོ་བྲང་ ཞིག་ལ་སྒེའུ་ཁུང་དུ་ཡོད་དྲིས་སྐབས་མ་ནོར་བར་སྨྲས་པས་ཀྲུང་དབྱངས་གིས་ཀྱང་ ངོས་ལེན་གྱི་ཡིག་ཆ་སྤྲད་ཡོད་པར་གྲགས། ཁྱེད་ནས་ཀྱང་འདྲེ་མཐོང་མྱོང་བའི་ཚུལ་འདྲ་བ་ཞིག་བྲིས་འདུག་པ་ཡིད་ཡུལ་ཙམ་མམ་དངོས་མཐོང་གང་ཡིན་ཆ་མི་འཚལ། ངས་དངོས་སུ་འདྲེ་བསྒྲུབ་སྟེ། ཤུགས་ ལ་དམྱལ་བ་དང་ལས་འབྲས་བསྒྲུབ་རྩིས་བྱས་པ་མིན་རུང་དམྱལ་བ་ཙམ་དང་ཡི་དྭགས་ཙམ་ ཡོད་པ་ལ་ནི་མི་རུང་བ་ཆེར་མེད་ཅིང་མཐུན་ཕྱོགས་ཀྱི་དཔེར་ཡང་ང་ཚོར་རྨི་ལམ་གྱི་ གནས་སྐབས་སུ་དམྱལ་ཁམས་ཀྱི་འཇིགས་སྣང་དང་ཆ་འདྲ་བ་རེ་དངོས་སུ་འཆར་རྒྱུ་འདུག་ པ་དང་།མི་སྡིག་ཅན་ཤན་པ་ཁག་ཅིག་འཆི་ལ་ཉེ་དུས་ང་གཡག་གིས་བརྡུང་སོང་ལུག་གིས་ བརྡུང་སོང་།རྣ་བ་དང་ཤ་བས་བརྡུང་སོང་འདི་ཚོ་ཕར་སྐྲོད་རོགས་ཞེས་སོགས་སྡུག་ སྐད་ཤོར་ཡོང་བ་ནི་མངོན་སུམ་ཡིན་འདུག་པས་སོ། དེས་ན་ རགས་པའི་ལུས་རྒྱ་དོར་ཚེ་དེ་ལྟ་བུའི་བག་ཆགས་ཅན་གྱི་ཤེས་པ་དེ་རེ་ཞིག་སྡུག་ བསྔལ་གྱི་རྒྱུན་ལ་འབྱམས་སུ་རུང་བ་ནི་རྗེས་སུ་དཔག་པས་ཀྱང་གྲུབ་ན་ཁྱེད་ནས་བླ་ ན་ལྷ་ཡི་ལུང་པ་དང་འོག་ན་དམྱལ་བའི་འཇིག་རྟེན་དེ་འདྲ་མེད་པ་ཐག་ཆོད་ཚར་ཞེས་ འབོ་ཤོབ་དེ་འདྲ་བཤད་སྔ་མ་བྱས་ན་མཛེས་སོ། སྟེང་ འོག་ཞེས་པའི་ཚིག་ཙམ་ལ་ཡང་འཛེར་མ་དགོས་ཏེ་འོག་མིན་ཞེས་པ་སྟེང་འོག་གི་ཟླ་ལ་ གོ་མི་དགོས་པར་དྲི་མས་མ་གོས་པའམ་མ་མནན་པ་ལ་གོ་བ་བཞིན་ནོ་། མདོ་ལས་གསུངས་པའི་དམྱལ་ཁམས་ཀྱི་བཀོད་པ་ཁག་གཅིག་ནི་དྲངས་དོན་དུ་བཀྲལ་ཀྱང་ ཆོག་པར་སེམས་ཏེ། མི་སྲུན་གླང་པོར་སྤྱོད་པའི་སྐྱེ་བོ་ལ།། མགོ་བོ་གཅོད་པའི་ཁྲིམས་ལུགས་མ་མཛད་ན།།སྙིང་རྗེའི་ལམ་ནས་ཚུལ་དེ་བཟློག་པ་ལ།། དམྱལ་བའི་སྡུག་བསྔལ་བསྟན་ལས་ཐབས་གཞན་ཅི།། ཞེས་པ་བཞིན་ནོ།
བདེན་མེད་རྟོགས་པའི་བློ་འཁོར་བའི་ གཉེན་པོར་མི་རིགས་པའི་རྩོད་སྤོང་། ཡང་ཁྱེད་ནས། འཁོར་བ་བདེན་མེད་དུ་རྟོགས་ན་འཁོར་བ་དོན་གཉེར་གྱི་བློ་སྤོང་འགྲོ་ཟེར་བ་འདི་ཡང་ཡོངས་སུ་འཁྲུལ་བ་ཡིན་ཏེ། དེ་ ལྟར་ན་མྱང་འདས་བདེན་མེད་དུ་རྟོགས་ཚེ་མྱང་འདས་དོན་གཉེར་གྱི་བློའང་ཅིའི་ཕྱིར་སྤོངས་མི་འགྲོ་སྟེ་རྒྱུ་མཚན་མཚུངས་པ་ལྡོག་དུ་མེད་པའི་ཕྱིར་ཟེར་། འཁོར་ བ་བདེན་མེད་དུ་རྟོགས་པ་ཙམ་གྱིས་འཁོར་བ་དོན་གཉེར་གྱི་བློ་སྤངས་འགྲོ་བ་རྟགས་སུ་འགོད་ན་མ་གྲུབ་ཅིང་། རྟོགས་པའི་དོན་གོམས་པས་སྤོང་བའི་དོན་ཡིན་ན་ནི། མྱང་འདས་དོན་གཉེར་གྱི་བློ་དེའང་མཐར་གཉེན་ལ་ལྟོས་པའི་སྤང་བྱ་ཕྲ་མོ་ཞིག་ཡིན་པས་རིམ་གྱིས་སྤོང་དགོས་པ་ནི་འདོད་དེ། རྒྱལ་ལ་སོགས་ལ་ཆགས་པ་ཕྲ།། ཞེས་དེའང་སྤངས་བྱའི་ཆ་ཕྲ་མོ་ཡོད་པར་གསུངས་པའི་ཕྱིར་སྟེ སྔ་མ་ཉོན་སྒྲིབ་ཀྱི་ཁོངས་སུ་གཏོགས་ཤིང་། ཕྱི་མ་ཤེས་བྱའི་སྒྲིབ་པ་ཡིན་པའི་ཕྱིར།། ཅིག་ཅར་མི་སྤོང་བའི་གནད་ཀྱང་དེས་གྲུབ་སྟེ་སྤང་བྱ་ཕྲ་རགས་ཀྱི་དབང་གིས་སོ་།

མཁས་དབང་དགེ་ཆོས་ཀྱིས་དགོས་པ་མཆོག་གསུམ་དང་ལས་འབྲས་ཀྱི་སྣང་བ་སྔོན་དུ་ཡལ་ནས་མི་ དགོས་པའི་འཁོར་བ་དང་སྡུག་བདེན་རྗེས་སུ་ལྷག་དོན་མེད་པར་གསུངས་པ་བཞིན་མིན་ནམ་ སྙམ་སྟེ་དཔྱད་པར་ཞུ།ལོག་ལྟའི་སྐོར་གྱི་རྩོད་སྤོང་། ཡང་ལས་འབྲས་མེད་སྙམ་པ་ཙམ་གྱིས་དགེ་རྩ་ཆད་འགྲོ་ན་ལས་འབྲས་ཡོད་སྙམ་པ་ཙམ་གྱིས་སྡིག་རྩ་ཆད་མི་འགྲོ་བ་ཅི་ཡིན་ནམ་གསུངས་ཞག། དེ་ལའང་ལས་འབྲས་མཐའ་གཅིག་ཏུ་མེད་པར་འཛིན་པ་ལོག་ལྟའི་དོན་ཡིན་པ་ལས། ལས་འབྲས་མེད་སྙམ་པ་ཙམ་ཞིག་ལ་ལོག་ལྟའི་དོན་ཚང་མིན་དཔྱད་པར་འོས་ཤིང་། ལོག་ལྟས་འཇོམས་རྒྱུའི་དགེ་རྩ་དེའང་དགེ་བ་སྤྱི་ལ་མི་ཟེར་བར་ལས་འབྲས་ལ་ཡིད་ཆེས་པ་ལས་བྱུང་བའི་དགེ་བའི་རྩ་བར་གོ་དགོས་པ་རིགས་པས་གྲུབ་འདུག། འོ་ན་ལས་འབྲས་ཡོད་པར་འཛིན་པའི་བློ་དེས་ལས་འབྲས་མེད་པར་འཛིན་པའི་བློས་བསྐྱེད་ པའི་སྡིག་རྩའང་གཞོམ་འགྲོ་བར་འདོད་ཅེས་ཁས་བླངས་སོང་ན་ཁྱེད་ལ་གནོད་པ་ཅི་ཞིག་བསྟན་དུ་ཡོད། འདི་འདྲའི་མཚུངས་པ་སྦྱོར་བའི་དགག་བཞག་ རིགས་པ་སྨྲ་བའི་མདུན་སར་མཛེས་པའང་མ་ཡིན་ཏེ་དགེ་བའི་རྩ་བ་གཞོམ་སླ་བ་བཞིན་དུ་ སྡིག་པའི་རྩ་བ་ནི་ངེས་པར་གཞོམ་སླ་བའང་མ་ཡིན་པའི་ཕྱིར་ཏེ།སོ་སྐྱེའི་སར་དགེ་ བ་ནི་འབད་པས་བསྐྱེད་པར་བྱ་ཞིང་མི་དགེ་བ་འབད་མེད་དུ་འབྱུང་བ་ཟོ་ཆུན་གྱི་ རྒྱུན་བཞིན་འཇུག་པའི་ཕྱིར་།དཔེར་ན་བདག་འཛིན་ཀུན་བཏགས་བདག་མེད་མཐོང་བ་ཙམ་གྱིས་གཞོམ་ཡང་ལྷན་སྐྱེས་གོམས་པས་སྤོང་བ་བཞིན་ནོ་།ཡང་ན།སྡིག་རྩ་ཆོས་ཅན།ཁྱོད་དང་དགེ་རྩ་གཉིས་ལ་འཇོམས་དཀའ་སླའི་་ཁྱད་པར་ཡོད་་ཏེ་།དགེ་རྩ་ཆད་པའི་སོ་སྐྱེ་ཡོད་པ་གང་ཞིག།སྡིག་རྩ་ཆད་པའི་དེ་མེད་པའི་ཕྱིར་།རྟགས་ཕྱི་མ་དེར་ཐལ།སྡིག་རྩཉོན་མོངས་གང་ཞིག།དེ་བཅོམ་པའི་སོ་སྐྱེ་མེད་པའི་ཕྱིར་རོ་།རྟགས་སྔ་མ་དེ་ཡིན་པ་ཡང་།འདོད་ཆགས་་ཞེ་སྡང་གཏི་མུག་གསུམ་།དེས་བསྐྱེད་ལས་ནི་མི་དགེ་བ།ཞེས་འབྱུང་བ་ལས་ཤེས་སོ། དགེ་རྩ་ཡིད་ཆེས་ཀྱི་དད་པ་ལ་གོ་དགོས་པའང་། མདོ་ལས། དད་པ་མེད་པའི་མི་རྣམས་ལ། དཀར་པོའི་ཡོན་ཏན་མི་འབྱུང་ཏེ། ས་བོན་མེ་ཡིས་ཚིག་པ་ལ། མྱུ་གུ་སྔོན་པོ་ཇི་བཞིན་ནོ། ཞེས་གསུངས། དགེ་རྩ་ཆད་པས་དགེ་བ་ཡོད་ཚད་རྒྱུད་ན་མེད་པར་ཡང་མི་འགྱུར་ཏེ། ཤིང་སྡོང་གི་རྩ་བ་ཆད་པས་མ་འོངས་པར་ཤིང་སྡོང་དེ་མི་སྐྱེ་རུ་ཆུག་ཀྱང་སྔར་གྱི་ཤིང་སྡོང་དེ་མེད་པར་མི་འགྱུར་བ་བཞིན། འདི་འདྲའི་གནད་གསང་ཤེས་ན་ཁྱེད་ནས་ལས་རྒྱུ་འབྲས་ཟེར་བ་འདི་ཚོ་བཤད་ཚོད་ཙམ་ལས་ བདེན་རྒྱུ་རང་དག་མ་རེད་སྙམ་པ་ཙམ་གྱི་བློ་སྐད་ཅིག་མ་གཅིག་སྐྱེས་ན་དེ་མ་ཐག་ ཏུ་ཚེ་ཚེ་རབས་རབས་སུ་བསགས་ཚད་བསྒྲུབ་ཚད་ཐམས་ཅད་འོ་ཟོ་ཁ་སྦུབས་པ་ལྟར་ནག་ཀོང་ ངེར་འགྱུར་འགྲོ་སྙམ་པའི་ཐུགས་ཁྲལ་དེ་ཡང་གནས་སྐབས་གནང་དགོས་པ་མེད་འདྲ་བས་དལ་ ཅིག་ཐུགས་བདེ་པའི་ངང་དུ་བཞུགས་འཚལ།

དེ་ལྟར་ན། ཤུགས་མ་ཐུབ་ཀྱི་བསམ་བློ་གཏོང་སྟངས་ཏོག་ཙམ་འགྲིག་མིན་བྱུང་ཚེ་ལམ་སེང་ཁ་རྗེ་དབང་ ཐང་ཡོད་ཚད་གཞུང་བཞེས་བཟོ་འགྲོ་མཁན་གྱི་ཇག་ཚོགས་དེའི་སྙིང་ལ་ཡང་མདུང་བསྣུན་ པ་ཡིན་པས་དགའ་བར་གྱིས་ཤིག།

ཡང་དག་ལྟ་བས་རྣམ་དཀར་ལྗོན་པ་བསྐྱེད་།

ལོག་ལྟའི་སྲིན་བུས་དགེ་བའི་ས་བོན་ཟ།

ཐེ་ཚོམ་ཆུ་བོ་གཉིས་ཀའི་ཕྱོགས་སུ་འབབ།

ཡིན་མིན་སྙམ་པའི་སྦྲང་བུ་སོ་ཡིས་དབེན་།
 ཤར་གླིང་ཨེ་ཤ་ཡར་ཚན་རྩལ་མེད་པ་ ཆོས་ཀྱིས་ལན་པའི་རྩོད་སྤོང་།   ཡང་ཁྱེད་ཀྱིས་ཤར་ཨེ་ཤ་ཡའི་གླིང་ཆེན་ཐོག་གི་མི་རྣམས་ཀྱིས་དུས་ཚོད་དེ་ཙམ་གྱི་ རིང་ལ་མི་ཡི་རིགས་ལ་ངོམ་དུ་རི་བའི་ལེགས་སྐྱེས་སྣ་གཅིག་ཀྱང་འབུལ་མ་ཐུབ་པ་ཅི་ ཞིག་གིས་ལན་པ་རེད་ཅེས་པ་ནས་གནས་སྡོད་བྱེད་ཡུལ་ལ་གོ་ལ་ཤར་ནུབ་དང་ལྷོ་བྱང་གི་ ཁྱད་པར་ཡོད་པས་རེད་དམ། གནས་སྡོད་བྱེད་མཁན་ལ་དཀར་ནག་སེར་གསུམ་སོགས་ཀྱི་ཁྱད་པར་ཡོད་པས་རེད་དམ་ཞེས་སོགས་ནས། དེ་དག་གང་ཡང་མིན་པར་བསམ་བློའི་འཁྱེར་སོ་སྟེ། འཇིག་རྟེན་བལྟ་ཚུལ་དང་མི་ཚེའི་བལྟ་ཚུལ་རིན་ཐང་བལྟ་ཚུལ་མཛེས་དཔྱོད་བལྟ་ཚུལ་བཞི་པོ་མ་འདྲ་བའི་དབང་གིས་བྱུང་བ་ཡིན་ན་ནི། ཞོགས་ དུང་གི་བག་ཆགས་དོངས་སྤྲུག་དེ་ནག་ཐོག་དུ་ཐིག་བརྒྱབ་པ་མ་རེད་དམ་ཞེས་སོགས་ བརྒལ་བརྟགས་རིང་མོ་ཞིག་བགྱིད་འདུག་པ་དེར་ད་བར་སུས་ཀྱང་ལན་དོན་མཐུན་ཞིག་རག་གི་མེད་པ་འདྲ། འོན་ཀྱང་ཁོ་བོས་དེ་དག་གང་ཡང་མིན་པར་ གཙོ་བོ་མིའི་རིགས་ཀྱི་རྣམ་དཔྱོད་དང་ནུས་པའི་ཁྱད་པར་ལས་བྱུང་བ་རེད་ཅེས་ལན་ མདོར་བསྡུས་ཤིག་གིས་ཆོག་པར་བྱའོ། འོ་ན་ནུབ་གླིང་བ་དེ་ཚོ་གླིང་གཞན་པའི་མི་ལས་རིག་སྟོབས་བཟང་བ་ཡིན་ནམ་ཞེ་ན།ཤིན་ཏུ་ནས་འདོད་པར་བྱ་སྟེ། ནུབ་གླིང་སྐྲ་སེར་གྱི་རིགས་ཅན་དེ་དག་མགོ་ནག་སོགས་མི་རིགས་གཞན་ལས་རྣམ་དཔྱོད་ཡངས་པ་མངོན་གསུམ་གྱིས་གྲུབ་འདུག་པའི་ཕྱིེར། དེ་ལྟ་མིན་པར་བལྟ་ཚུལ་བཞི་མ་འདྲ་བ་ཙམ་གྱིས་ཡིན་ན་ནུབ་ཕྱོགས་པ་ལས་གཞན་ལ་དེ་འདྲའི་བལྟ་ཚུལ་བཞི་པོ་མེད་པར་ཐལ་བ་དང་། བལྟ་ ཚུལ་བཞི་ལྡན་གྱི་ནུབ་ཕྱོགས་པ་ཡིན་ན་དེ་འདྲའི་ཚན་རྩལ་ཅན་ཡིན་དགོས་པའི་ཐལ་བ་བཟློག་ཏུ་མེད་ཅིང་། ཆོས་ལུགས་དང་བག་ཆགས་རྙིང་བ་ཙམ་དེའི་གེགས་སུ་འདོད་པ་ཡང་མ་ངེས་ཏེ་།ལྷོ་ཤར་ཨེ་ ཤ་ཡའི་མི་ཡིན་ན་ཆོས་ལུགས་དང་བག་ཆགས་རྙིང་པས་གོས་པས་མ་ཁྱབ་པའི་ཕྱིར་སོགས་ ཞིག་ཏུ་སྤྲོ་བར་ནུས་མོད་རེ༌ཞིག༌དེ་ཙམ་གྱིས་ཆོག་པར་བྱའོ།། ཕྲན་ནས་ནམ་རྒྱུན་རྩེད་འཇོའི་ཞོར་དུ་།སུ་ཞིག་ཀླད་པ་ཆེ་ན་དེ་རིག་པ་བཟང་བ་ཡོད། སུ་ ཞིག་མགོ་བོ་ཆེ་བ་ཡོད་ན་དེ་ཀླད་པ་ཆེ་བ་ཡོད་།ནུབ་ཕྱོགས་པ་རྣམས་གཟུགས་པོ་ཆེ་ བའི་རྐྱེན་གྱིས་མགོ་བོ་ཡང་ཆེ་ལ་དེའི་རྐྱེན་གྱིས་ཀླད་པ་ཡང་ཆེ་བས་ཁོང་ཚོ་ང་ ཚོ་བས་རིག་སྟོབས་ཆེ་བ་ཡོད་ཅེས་ཤོད་མྱོང་བ་བཞིན་ནོ།འོ་ན་ཚན་རིག་མཁན་པོ་ཁག་ ཅིག་མགོ་བོ་དེ་ཙམ་ཆེ་རྒྱུ་མེད་སོགས་ཀྱལ་ཀའི་རིགས་དེ་འདྲ་མི་གསུངས་པར་འཚལ། མདོ་ དོན་ཤར་ནུབ་ཀྱི་མི་རིགས་གཉིས་ལ་མི་འདྲ་བའི་ཁྱད་པར་ཆེ་བའི་རྐྱེན་གྱིས་རྣམ་ དཔྱོད་དང་འཇོན་ནུས་ལ་ཡང་ཁྱད་པར་ཆེན་པོ་ཤོར་བ་འདི་དངོས་ཡོད་རེད་ཅེས་མགྲིན་པ་ བཏེགས་ཏེ་སྨྲ་བ་ཡིན་ནོ།རིགས་ཞེན་གྱི་དབང་གིས་དེ་འདྲ་ཅིས་ཀྱང་ཁས་ལེན་མི་ནུས་ ན་ནི་ཁམས་དང་མོས་པའི་དབང་གིས་ནུབ་ཕྱོགས་པ་ཕྱི་དངོས་ལ་དཔྱད་སྟོབས་ཆེ་ཡང་། ནང་ སེམས་ཁམས་གྱིས་མཚོན་པའི་ཆོས་དང་རིགས་གཞུང་གཞན་ལ་དཔྱོད་པའི་བློ་གྲོས་ང་ཚོ་ བཟང་བ་ཡོད་ཅེས་སྨྲོས་ཤིག།ཡང་ན་ཁོ་བོས་སྔོན་ཆད་གྱི་གོ་ཚུལ་གཞན་ཞིག་ནི་སྤྱིར་ དེང་དུས་གྱི་འཕྲུལ་རིགས་འདི་རྣམས་འཇིག་རྟེན་དུ་འབྱུང་བ་མིའི་འབད་པའི་སྟོབས་ཁོ་ ན་ལས་བྱུང་བ་ཞིག་མིན་པར་དེ་ནི་གདོད་མའི་དངོས་ཁམས་གྱི་བརྒྱུད་རིམ་ཁྲོད་གྲ་ བསྒྲིག་ཟིན་པ་ཞིག་སྟེ་གང་ལགས་ཞེ་ན་དེ་ཚོའི་རྒྱུ་དང་རྐྱེན་མ་ལུས་པ་རང་བྱུང་ གི་ཁོར་ཡུག་འདིའི་ནང་ནས་འཚོལ་དུ་བཏུབ་པའི་པའི་ཕྱིར་རོ་།དཔེ་རླངས་འཁོར་ཞིག་ ལ་མཚོན་ན་དེའི་གྲུབ་ཆ་གཙོ་བོ་གློག་གམ་ལྕགས་རིགས་ཕར་ཞོག་ས་སྣུམ་མམ་ཡང་ན་འཁོར་ལོའི་རྒྱུ་ཅ་ འགྱིག་རིགས་གི་དངོས་པོ་དེ་ཙམ་ཞིག་མེད་ན་འཁོར་བསྐྱོད་དཀའ་མོད་རྒྱུ་རྐྱེན་དེ་ རྣམས་ཐམས་ཅད་རང་བྱུང་ཆེན་མོའི་་ཁམས་འདི་ན་ཚོགས་ནས་འདུག་པའི་ཕྱིར་རོ་།འོ་ན་འཕྲུལ་ རིགས་དེ་ཚོ་ཡང་མིའི་འབད་པའི་སྟོབས་་ཁོ་ན་ལས་བྱུང་བ་ཞིག་མིན་པར་དུས་ལ་བབ་ནས་བྱུང་བ་ ་སྟེ་དུས་བབ་ཀྱི་ཟབ་ཆོས་བཞིན་ནོ་།འུ་ཆོའི་ཁ་དཔེར་ཡང་དུས་ལ་བབ་ན་ཤ་མང་གིས་སྤང་ཕུག་ཞེས་པ་ཞིག་ཡོད་། ཕྱོགས་ གཞན་ཞིག་ནས་བལྟ་དུས་ནུབ་ཕྱོགས་པ་ལ་ཚན་འཕྲུལ་གྱི་བཀའ་བབ་པ་ཞིག་དང་འདྲ་སྟེ་ང་ ཚོའི་ཆོས་རྒྱུད་སོ་སོར་བཀའ་བབ་མི་འདྲ་བ་ཡོད་པ་བཞིན་ནོ་།ཁོ་བོས་མཁན་ཆེན་ཚུལ་བློ་སོགས་ཀྱི་ཕྱོགས་འཛིན་པ་དང་། ཞོགས་དུང་ཕྱོགས་གཏོགས་ལ་སྡང་བའི་རྐྱེན་གྱིས་སྨྲས་པ་ནི་གཞར་ཡང་མིན་ཏེ་ཆོས་རྣལ་མ་ཞིག་གི་དབང་དུ་བྱས་ཚེ་དེས་ ་སྲིད་འབྱོར་ཀྱི་འཕེལ་ཁ་ལ་གེགས་ཙམ་ཡང་མི་བྱེད་ཅེས་ནམ་ཡང་མི་སྨྲ་བའི་ ཕྱིར་ཏེ། དེ་བྱེད་པར་ཆོས་གཞུང་རང་ནས་གསུངས་པ་བཞིན་མངོན་སུམ་གྱིས་ཀྱང་གྲུབ་འདུག་པ་ལ་བསྙོན་མི་ནུས་པའི་ཕྱིར་རོ་། ཡང་ འགའ་རེས་ནང་ཆོས་ལ་བདེན་པའི་གནས་ལུགས་དང་འཚོ་བའི་དགོས་མཁོ་ཡོད་པའི་རྐྱེན་ གྱིས་ད་བར་རྒྱུན་གནས་ཐུབ་པ་བྱུང་ཚུལ་དང་།དེ་མེད་ཚེ་འདི་ལྟར་རྒྱུན་གནས་ག་ལ་ནུས་སོགས་གསུངས་པ་བཅས་ནི་སྒྲུབ་བྱེད་རྣམ་དག་ཏུ་མ་མཐོང་སྟེ། དེ་ ལྟར་ན་ཁ་ཆེའི་ཆོས་ལུགས་སོགས་ལ་ཡང་དེ་ཡོད་པར་ཐལ་ཏེ་།དེ་དག་ཀྱང་ད་ལྟའི་བར་རྒྱུན་མ་ནུབ་ པར་གནས་འདུག་པའི་ཕྱིར་རོ།འོན་ཏེ་ང་ཚོར་ཚན་རྩལ་སོགས་ཀྱི་ཡར་རྒྱས་མེད་པ་དེའང་ དམ་པ་ལྷ་ཆོས་ཀྱིས་བྱས་པ་རེད་ཅེས་ངན་ཁག་ཡོད་ཚད་ཆོས་ཕྱོགས་སུ་གཡུག་ན་དེ་ནི་ གཟུ་པོར་གནས་པའི་བཀའ་མོལ་ཞིག་གཏན་ནས་མིན་ཏེ་།ཆོས་ཀྱིས་མི་ཡོད་ཚད་ཀྱི་བསམ་ བློ་ལ་སྟངས་འཛིན་ནམ༌ཡང༌བྱེད་མི་ཐུབ་པའི་ཕྱིར་ཏེ་།ཆོས་ཕྱོགས་ནས་སྲོལ་རྒྱུན་ གྱི་ཚོང་ལས་དེ་མི་དགེ་བ་བཅུ་ཚང་བས་ན་ཚོང་ཞེས་སོགས་ཉེས་པ་མང་ཤོས་སུ་བརྩིས་ ཡོད་ཀྱང་དེ་ཙམ་གྱིས་ཀྱང༌སྟངས་འཛིན་མ་ཐུབ་པར་བོད་ཡུལ་རང་ན་སྤྱིར་སྟངས་མ་ཡིན་ པའི་ཚོང་དཔོན་འབྱོར་ལྡན་མང་དུ་ཡོད་པ་ལོ་རྒྱུས་ཀྱིས་གྲུབ་པ་དང་། སྲོག་གཅོད་གོང་ན་སྡིག་གཞན་མེད་།ཅེས་སྲོག་གཅོད་པ་བས་སྡིག་པ་ཆེ་བ་མེད་མོད། སྲོང་བཙན་གྱིས་སུམ་གཉིས་དབང་དུ་བསྡུས་པའི་འཁྲུག་ཆེན་དང་།གཞན་ཡང་ས་ཕག་གི་སྡེ་གཟར་།ཀར་དགེའི་ཟིང་འཁྲུག་། དགེ་ ལྡན་ནང་འཁྲུག་སོགས་ཟམ་མ་ཆད་པར་བྱུང་བ༌དང༌།དེ་མིན་མདོ་དབུས་ཁམས་གསུམ་དུ་དགྲ་ ཇག་ཆོམ་རྐུན་གྱི་ཚོགས་ཕལ་ཆེར་འཛམ་གླིང་གི་ཡང་རྩེར་མ་ཕྱིན་རུང་རྗེས་ལུས་མི་ ཐེབ་ངེས་ཅན་ཡིན་པ་ག་ཚོད་ཡོད་མེད་ང་ཚོས་རུམ་ལ་ཅི་ཡོད་ལག་མགོས་ཤེས་བཞིན་པ་ དང་། དེ་མིན་སྔོན་ཆད་སྡེ་པ་གཞུང་གི་ལས་ཀྱི་སྣེ་མོ་བར་གཏོགས་པ་རང་དོན་ལ་ཐུག་ན་བླ་མིའི་སྐུ་ལ་བདོ་ཞིང་ཤ་ཕུ་ནུའི་མགོ་ལག་ཚུན་ཆད་ལེན་ཕོད་ཅིང་། འབངས་སྡེ་བའི་ཤ་ཁྲག་གཞིབ་ཕྱིར་སྤྱང་ལྟོག་ལྟར་འདུར་བར་གྲགས་པ་དེ་ཚོ་ཚན་འཕྲུལ་ལ་ཐུག་དུས་སུ་ཞིག་གིས་ལག་པ་བསྡམས་བཞག་པ་ཡིན་ནམ། ཡང་ན་ཁོང་ཚོས་བདག་པས་གཞན་གཅེས་བསྒོམ་དྲག་ནས་རྒྱལ་ཁབ་གཞན་ལ་གནོད་དོགས་ཀྱིས་དམག་དོན་དང་མཚོན་ཆའི་རིགས་འཛུག་བསྐྲུན་མ་བྱས་པ་ཨེ་རེད་། འབུ་སྲིན་དང་ཁོར་ཡུག་ལ་གནོད་དོགས་ཀྱིས་གྲོང་ཁྱེར་དང་བཟོ་ལས་ཡར་རྒྱས་མ་བཏང་བ་ཡིན་ནམ་། ནུབ་ གླིང་རྒྱལ་ཁམས་སུ་མིའི་རིགས་ལ་འཚེ་བ་སྤོང་བའི་ཆོས་ཀྱི་སློབ་གསོ་རྒྱས་ནས་ ཡོད་མོད་།དེས་ཀྱང་མི་ཁག་ཅིག་གི་བསམ་བློར་སྟངས་འཛིན་མ་ཐུབ་པར་འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པ་ཞེས་མིང་དུ་གྲགས་པ་དེ་ཚོ་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་ཕྱིར་རོ།ལར་ཆོས་ཀྱིས་སྲིད་འབྱོར་ལ་ཕན་དང་གནོན་ཅེས་མཐའ་གཅིག་ཏུ་སྨྲ་བའང་དཀའ་བའི་གནས་ སྟེ། དེ་ལའང་མཐོ་རིས་ཐེག་པ་དང་ཉན་ཐོས་ཐེག་པ།བྱང་སེམས་ཐེག་པ་དང་སྔགས་ཀྱི་ཐེག་པ་སོགས་སྡེ་ཚན་མང་ཞིང་ལག་ལེན་གྱི་ཆ་ནས་ཀྱང་། སྔ་མས་ངན་སོང་གི་རྒྱུ་ཙམ་ལས་ལས་ཉོན་མི་སྤོང་བ་དང་ཕྱི་མ་རྣམས་ལའང་ཉོན་མོངས་ དུག་ཏུ་བལྟ་བ་དང་ཐབས་ཀྱིས་སྨན་དུ་བསྒྱུར་བ་ཡེ་ནས་སྨན་དུ་ཤེས་པ་སོགས་ཀྱི་ ཐབས་དང་བལྟ་ཚུལ་མང་ཞིང་། ཕར་ཕྱིན་དྲུག་ལ་ཡང་གཙོ་ཕལ་གྱི་ཆ་ནས་ཁྱིམ་པ་དང་རབ་བྱུང་གི་བླངས་བྱ་སོ་སོར་མཛད་ཡོད་པས་སོ། དེས་ན་སློབ་གསོ་དང་མིའི་ལག་ལེན་བལྟར་ཚུལ་ལམ་།ཤེས་རབ་རྣམ་དཔྱོད་ཀྱི་གྲོགས་དང་བཅས་མ་བཅས་བཅས་ཀྱིས་ཆོས་ནི་སྐབས་རེར་སྲིད་འབྱོར་ གྱི་གྲོགས་སུ་འགྲོ་བའང་ཡོད་ལ་ཡང་སྐབས་རེར་གེག་སུ་གྱུར་བའང་སྲིད་དོ་།དེའང་སྲིད་པ་འདི་ཞི་བདེ་དང་དཔལ་འབྱོར་གཉིས་ཀ་ལ་བརྟེན་ནས་འཚོ་དགོས་པ་ལས་།ཆོས་ཀྱིས་དཔལ་འབྱོར་ཀྱི་ཕྱོགས་ལ་ཅུང་དགྲ་སྲིད་མོད་དེས་ཞི་བ་དང་འཆམ་མཐུན་ལ་ནི་ངེས་པར་ཕན་ཅིང་ཡར་རྒྱས་ཀྱང་འཆམ་མཐུན་དང་ཁ་འབྲལ་དུ་མི་བཏུབ་་བས་སོ་། བོད་ཀྱི་བདག་དབང་འཆོར་བ་ ཆོས་ཀྱིས་ལན་པའི་རྩོད་སྤོང་།  ཡང་ཁྱེད་ཀྱིས།དེང་སང་བོད་ཀྱི་བསམ་བློ་པར་གྲགས་པ་ཚོས་ང་ཚོས་བདག་མེད་བསྒོམས་པས་བདག་འཛིན་བརླགས་སོང་།སྙིང་རྗེ་བསྒོམས་པས་བཙན་གནོན་བྱས་སོང་།མ་ནམ་མཁའ་གླེང་ནས་མི་རིགས་བརྗེད་སོང་སོགས་ཟེར་ཏེ་སངས་རྒྱས་ཆོས་ལུགས་ལ་ངོ་རྒོལ་རྒྱག་བཞིན་འདུག་ཟེར།དེ་ནི་དངོས་གནས་ཁྱེད་ཀྱིས་གསུངས་པ་ནང་བཞིན་ཁོ་ཚོས་ཁྲོམ་ཆུང་ནང་གི་སྦལ་ཆུང་གི་རྣམ་ཐར་འཁྲབ་པ་རང་ཡིན་ཏེ།དེ་ལྟར་ན་སངས་རྒྱས་ཆོས་ལུགས་ཤིན་ཏུ་དར་ཁྱབ་ཆེ་བའི་ཐེ་ལན་ཌི་དང་།བྷར་མ།།ཤྲྭི་ལང་ཀ།དེ་བཞིན་ཐེ་ཝན་དང་འབྲུག་རྒྱལ་ཁབ་སོགས་ལ་ཡང་མི་རིགས་བརྗེད་པ་དང་།གཞན་གྱི་བཙན་གནོན་།རིག་དངོས་གཏོར་བཅོམ་སོགས་ཀྱི་དུ་ཁ་ང་ཚོ་དང་གཅིག་མཚུངས་ཡིན་དགོས་རྒྱུ་ལས་དེ་ཚོར་དུས་ད་ལྟའི་བར་ཉམས་ཉེས་ཅི་ཡང་མ་བྱུང་བའིགནས་ཚུལ་རགས་པ་ཙམ་ལ་ཡང་བློ་ཁ་ཕྱོགས་ཐུབ་མི་འདུག་པས་སོ།ཡང་དེང་དུས་ཀྱི་གཞོན་སྐྱེས་ཆབ་སྲིད་ཀྱི་གོ་རྟོག་ཅུང་ཟད་རེ་ཡོད་མཁན་ཕལ་གྱིས་་བོད་ལ་གནས་སྟངས་འདི་འདྲ་ཞིག་བྱུང་བ་དམ་པ་ལྷ་ཆོས་ཀྱིས་ལན་ཞེས་ཁ་གཅིག་ཏུ་གྲག་མོད་།དེ་ལ་ཡང་ཞིབ་འདེང་མ་བརྒྱབ་པའི་རྐྱོན་ཡོད་ངེས་རེད་།བོད་ཀྱི་ཆབ་སྲིད་འཆོར་བར་ཕྱི་དང་ནང་གི་རྐྱེན་།ཉེ་བ་དང་རིང་བའི་རྒྱུ་དུ་མ་ཞིག་ཡོད་པས་འདི་ཁོ་ནས་ལན་ཞེས་ཕྱོགས་ཅིག་དུ་བཀར་ན་འགྲིག་ཐབ་མེད་།དཔེ་ནང་གི་རྐྱེན་སྐབས་དེའི་བོད་སྲིད་གཞུང་ལ་ལས་དོན་ཚག་ཚུད་མེད་པ་ཙམ་དུ་མ་ཟད་།རྒྱལ་ཚབ་དང་སྲིད་ཀྱི་སྣེ་མོ་བ་ཚོའི་བར་དབང་ཆ་འཕྲོག་པའི་ནང་ཁུལ་གྱི་འཐབ་རྩོད་ཛ་དྲག་ཅན་དུ་གྱུར་པས་ཕྱི་སོ་བསྲུང་བའི་ལས་དོན་་ཚང་མ་ལྷོད་གཡེང་སུ་སོང་བ་ལྟ་བུ་དང་།ཕྱི་ཡི་རྐྱེན་ཁྱིམ་མཚེས་རྒྱ་ནག་ལ།པ་གོ་ལེན་ཅུན་དུ་འབོད་པའི་ནུབ་ཕྱོགས་པ་་དང་ཁྱིམ་མཚེས་འཇར་པན་སོགས་ཀྱི་བཙན་འཛུལ་གྱིས་ལོ་རྒྱུས་རང་བཞིན་གྱིའཕོ་འགྱུར་བྱུང་བ་དང་ཡང་འབྲེལ་བ་ངེས་ཅན་ཡོད་པ་ནི་ནུབ་ཕྱོགས་པའི་བཙན་འཛུལ་གྱིས་ཆིང་སྲིད་གཞུང་ལ་རྡབ་གསེག་ཚད་མེད་ཐེབ་པའི་རྐྱེན་ལས་གོ་མིན་ཏང་དབུ་ཚུགས་པ་དང་།ཇར་པན་གྱི་བཙན་འཛུལ་གྱིས་དེ་ཡང་ཉམས་དམས་སུ་སོང་བ་ལས་མཐར་ཀུང་ཁྲན་ཏང་ལ་རྒྱལ་་ཁ་ཐོབ་པ་ལྟ་བུ་རེད་།གལ་སྲིད་རྒྱ་ནག་ལ་འཇར་པན་གྱིས་བཙན་འཛུལ་བྱས་མེད་ན་ཀུང་ཁྲན་་ལ་གོ་སྐབས་དེ་འདྲ་ཞིག་འཆར་དུ་མེད་པ་དང་།དེ་མེད་ན་བོད་ལ་དེའི་དབང་བསྒྱུར་་ཡང་ཡོང་མི་ཤེས་པ་ཞིག་མ་རེད་དམ་།རིང་ས་ནས་བསམ་ན་སྐབས་དེའི་འཛམ་གླིང་འཁྲུག་ཆེན་དང་ཡང་འབྲེལ་བ་ཡོད་པ་གལ་སྲིདཨ་རིས་ཉི་ཧོང་ལ་ཨ་རིས་རྡུལ་མཚོན་གཡུག་མེད་ཚེ་འཇར་དམག་རྒྱ་ཡུལ་ནས་ལོག་མེད་ལ་དེ་ནམ་གནས་གྱི་བར་ཀུང་ཁྲན་གྱིས་རྒྱ་ལ་དབང་བརྒྱུར་མི་ནུས་པས་བོད་ཀྱི་བདག་དབང་འཆོར་བའི་གོ་སྐབས་ཀྱང་ཉུང་དུ་སོང་ཡོད་སྲིད་།ཡང་ན་བོད་ཀྱི་གནས་སྟངས་དེ་གང་ཟག་སྒེར་གྱི་སྐྱེ་འཆི་དང་ཡང་འབྲེལ་བ་ཡོད་པ་ནི་གལ་སྲིད་ཀུང་ཁྲན་ཚོགས་པའི་གཙོ་འཛིན་མོའུ་ལྟ་བུ་ཞིག་ས་སྟེང་འདིར་མ་སྐྱེས་པའི་དབང་དུ་ན་བོད་ལ་གནས་ཚུལ་དེ་འདྲ་ཞིག་ཕལ་ཆེར་ཡོང་དུ་མེད་པའི་ཚོད་དཔག་འདི་གཅིག་པུས་ཀྱང་གོ་ནོར་མང་པོ་ཞིག་སེལ་ཐུབཔ་མི་འདུག་གམ་།།བོད་རྒྱུད་ནང་བསྟན་ཁོ་ནས་དེ་འདྲའི་འཐུས་ཤོར་བཏང་མི་ཐུབ་པའི་དཔེ་མཚོན་གསལ་ཤོས་ཤིག་ནི་བོད་དང་ཆོས་དང་རིག་གཞུང་སྒོ་ཀུན་ནས་གཅིག་པའི་འབྲུག་རྒྱལ་ཁབ་དེ་ད་དུང་རང་བཙན་གཙང་མའི་ངོ་བོརགནས་ཡོད་པ་འདི་ཡིན་།སྔོན་གྱི་ལོ་ཙཱ་བ་སོགས་ཀྱི་བཀའ་དྲིན་དྲན་དགོས་པ་བཞིན་ཚན་རྩལ་གྱི་སྲོལ་གཏོད་མཁན་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་དགོས་པ་ནི་ཁོ་བོས་ཀྱང་རིང་མོ་ཞིག་ནས་འདོད་ བཞིན་ཡོད་པས་ཁྱེད་ཅག་གི་གསུངས་པ་ལ་དེ་དེ་བཞིན་བཞིན་ནོ་སྙམ་དུ་མངོན་པར་བསྟོད་དོ། འོན་ ཀྱང་སྤྱི་ཚོགས་འགའ་རེའི་ནང་ཆོས་དང་རིག་གཞུང་གཞན་པ་ནང་བཞིན་ཚན་རྩལ་མཁན་པོར་ དངོས་སུ་བཀའ་དྲིན་རྗེས་དྲན་མ་ཐོབ་པའི་རྐྱེན་ནི་ཚན་རྩལ་བས་དངོས་རྫས་ཚོང་ཟོག་ བྱས་པ་དང་།དེ་ལ་ཡང་ལེགས་ཉེས་ཀྱི་ཆ་གཉིས་ཡོད་པས་མཐའ་གཅིག་ཏུ་འཚེ་མེད་ཀྱི་ངོ་ བོར་གནས་མ་ཐུབ་པའི་རྐྱེན་གྱིས་མིན་ན་ཅི་ཞིག་ཡིན་སེམས་བཞིན་ཡོད། དེ་ལྟ་ན་ཡང་ མི་རྣམས་ཀྱིས་དངོས་སུ་ཁོང་ཚོར་ཕྱག་འཚལ་མཆོད་བསྟོད་མི་བྱེད་མོད།སྙིང་དབུས་ སུ་ཁོང་ཚོར་ཡིད་ཆེས་དང་གདེང་འཇོག་ཆོས་ལས་མི་དམན་ཙམ་ཞིག་ཡོད་པ་ནི་དོན་དམ་ གྱི་བཀའ་དྲིན་རྗེས་སུ་དྲན་པ་ཞིག་ཀྱང་རེད་ཅེས་བརྗོད་ན་ཅིས་མ་ཆོག།

ཆོས་ཀྱི་བཀའ་བབ་གངས་རིའི་གླིང་པ་ཏེ་།

ཚན་འཕྲུལ་བཀའ་ནི་ནུབ་ཀྱི་གླིང་དུ་བབ།

བྱིན་རླབས་གནད་ཀྱི་ཚན་ཁ་མི་འདྲ་བས།

རང་གི་བགོ་སྐལ་སྲུང་ན་ཅིས་མི་མཛེས།
  སྐྱེ་བ་སྔ་ཕྱིའི་སྐོར་གྱི་རྩོད་སྤོང་།   །སྐྱེ་བ་སྔ་ཕྱིའི་སྐོར་ལ་ཁྱེད་ཀྱིས་རིགས་འདྲ་སྔོན་སོང་གིས་བསྒྲུབ་པ་དང་། དེ་བཞིན་ཉེར་ལེན་སྔོན་སོང་། གོམས་པ་སྔོན་སོང་བཅས་ལ་ཁྱབ་འབྲེལ་ཀྱི་ངེས་པ་མེད་པས་ནུས་པ་ཅི་ཡང་མེད་པར་གསུངས། རྟགས་དེ་དག་གིས་དངོས་སྟོབས་རྗེས་དཔག་བསྐྱེད་མི་ནུས་པ་ནི་ཁོ་བོར་ཡང་མྱོང་བས་གྲུབ་ ན་འུ་ཅག་རྩོད་པའི་དོན་མེད་ཅིང་།དངོས་སྟོབས་ཀྱི་རྟགས་ལ་ལྟོས་ན། རྟགས་སུ་བཀོད་པ་དེ་རིགས་ཡང་དག་ལྷག་ལྡན་ཙམ་ཞིག་མིན་ནམ་བསམ་མྱོང་། ཡིན་ཡང་འདི་དང་གནས་གསུམ་བསྟན་པའི་ལུང་གཉིས་པོ་ཕན་ཚུན་་གྲོགས་སུ་སོང་བའི་སྒོ་ནས་ཡིད་ཆེས་ཅན་གྱི་རྗེས་དཔག་ཙམ་ཞིག་བསྐྱེད་པ་ནི་ཅི་ཞིག་འགལ་ཏེ། ཡིད་ ཆེས་རྗེས་དཔག་ཡིན་ན་དངོས་སྟོབས་རྗེས་དཔག་བཞིན་དུ་བསྒྲུབ་བྱ་ལ་མཐའ་གཅིག་ཏུ་ འཛིན་པའི་ངེས་པ་བསྐྱེད་དགོས་པས་མ་ཁྱབ་པའི་ཕྱིར་རོ་སྙམ་པ་ནི་ཁོ་བོ་གཅིག་པུའི་རྣམ་པར་རྟོག་པ་ཙམ་མོ། དེ་འདྲའི་ཡིད་ཆེས་ཙམ་ བསྐྱེད་པས་་ཀྱང་གནས་གསུམ་བསྟན་པའི་དགོས་དོན་གྲུབ་སྟེ།གང་ཕྱིར་འཇིག་རྟེན་ དོན་གཉེར་ནི་།ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ།ཞེས་པ་བཞིན་དེ་ལ་བརྟེན་ནས་དགེ་ སྡིག་བླང་དོར་གྱི་གནས་ལ་འཇུག་པར་འགྱུར་བས་སོ། གཞན་ཡང་། མདོ་ལས།སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ།དེ་ནི་ནམ་མཁའ་བཞིན་ཏུ་འགྱུར་མེད་སྟེ། ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། ཞེས་པ་བཞིན། དུས་གསུམ་དུ་འགྱུར་བ་མེད་པའི་སེམས་ཀྱིའི་རང་བཞིན་ནམ་མཁའ་ལྟ་བུའི་དོན་ལ་གོ་མྱོང་ཙམ་ཐོབ་པས་ཀྱང་། ཇི་སྐད་དུ། དུས་གསུམ་གྱི་སངས་རྒྱས་རྣམས་བྱོན་ཀྱང་རུང་མ་བྱོན་ཀྱང་རུང་ཆོས་རྣམས་ཀྱི་རང་བཞིན་ནི་གནས་པའོ། ཞེས་དང་། ཞང་རིན་པོ་ཆེ་བཙོན་འགྲུས་གྲགས་པས། ཨེ་མ་ཧོ། རང་རིག་གསལ་བའི་སེམས། ཐོག་མེད་དུས་ནས་འགྲིབ་མ་མྱོང། ཉིན་མཚན་མེད་པར་རབ་ཏུ་གསལ། ཡང་དོག་དཀར་ནག་མེད་པར་གསལ། བདུད་དང་སྲིན་པོ་གནོད་སྦྱིན་སོགས། བྱེ་བ་དཔག་མེད་རྣམས་ཀྱིས་ཀྱང་། བདག་ལ་གནོད་པ་བྱས་གྱུར་ཀྱང་། རང་རིག་གསལ་བའི་སེམས་ཉིད་འདི། སུས་ཀྱང་འཕྲོག་པར་ནུས་མི་སྲིད། དམྱལ་སོགས་སྡུག་བསྔལ་མང་པོས་ཀྱང་། རང་རིག་གསལ་འདི་བསུབ་པ་མེད། ཨེ་མ་ཧོ། རྒྱུན་ཆད་མེད་པའི་སེམས། གཉིད་ལོག་མྱོས་དང་བག་མེད་ཀྱང་། རྣམ་པར་སྨིན་པའི་ལུས་འདི་ལ། བརྡེགས་དང་བཅིང་དང་བསད་གྱུར་ཅིང་། ཆུབ་བསྲུབ་མེ་ལ་བསྲེགས་བྱས་ཏེ། དུད་འགྲོ་ལྷ་མི་ལ་སོགས་པའི། ལུས་པོ་དུ་མ་བོར་ལགས་ཀྱང་།  ཡུལ་གཞན་འཕོས་པ་མ་གཏོགས་པའི།  རང་རིག་བེམ་པོར་འགྱུར་མ་མྱོང་། ཞེས་གསུངས་པ་དེ་ལྟ་བུའི་ཚུལ་གྱིས་སྲིད་པ་སྔ་ཕྱིའི་གནས་ལ་ཡིད་དཔྱོད་དང་བྲལ་བའི་ཟབ་མོའི་ངེས་ཤེས་ཁྱད་པར་བ་རེ་ཡང་བསྐྱེད་དུ་ཡོད་པ་མིན་ནམ་སྙམ་ཏེ། ཞོར་འཕྲོས་ཙམ་མོ། འདི་ལ་ད་དུང་ཁྱད་པར་གཞན་ཞིག་ནི་བདེན་པ་བསྒྲུབ་ཙམ་མིན་པར་རྫུན་པ་འགོག་པའི་རྣམ་བཞག་ཞིག་ཀྱང་ཡོད་པ་སྟེ། ཇི་སྐད་དུ། ཉེས་པ་སྤངས་ཕྱིར་རྫུན་གྱི་ཚིག།། སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར།། ཉེས་ཟད་ལུང་དུ་ཤེས་པར་བྱ།། ཞེས་སོགས་ཇི་སྐད་འབྱུང་བ་བཞིན་ནོ།། སྐྱེ་སྲིད་སྔ་མ་དྲན་པ་རྟགས་སུ་འགོད་པ་དེང་གི་རྒོལ་བ་སྤྱི་ལ་ལྟོས་ན་ཐེ་ཚོམ་ཟ་ནས་མ་གྲུབ་པ་ཡིན་མོད། འོན་ཏེ་ཁྱེད་ནས་དེང་སང་ཡང་སྐྱེ་བ་སྔ་ཕྱི་དྲན་པ་དང་སྲིད་པ་ཕྱིར་ལྡོག་གི་ཆོ་ག། རྣམ་ཤེས་འཁྱམ་པའི་ཉམས་མྱོང་ལུས་སེམས་བརྗེ་སྤོར་གྱི་མཐོང་སྣང་སོགས་ངོ་མཚར་ བའི་བྱུང་བ་འདི་དག་ཡོད་ཚད་རྫུན་བསྒྲིགས་བྱས་པ་ཤ་སྟག་རེད་ཅེས་ལབ་ན་མི་འགྲིག་ ལ། ད་ལྟའི་རིག་གསར་གྱིས་འགྲེལ་བཤད་མ་ཕོག་པ་ཙམ་གྱིས་ལམ་སེང་སྐྱེ་བ་སྔ་ཕྱི་མིན་ན་ཅི་ཡིན་ཞེས་རང་སྣང་མཐོ་དྲགས་རྒྱུའང་མེད། ཇི་སྲིད་མཐོང་ཐག་མ་ཆོད་པར་ཏུ་བློ་གཟུ་པོར་གནས་ཏེ་བསྡད་ན་ནམ་ཞིག་བདེན་རྫུན་ཕུ་ ཐག་ཆོད་དུས་འཚེར་སྣང་མེད་པར་ཁས་ལེན་བྱས་ཆོག་སོགས་བསླབ་བྱ་གནང་བ་བཞིན་འདི་ ཡང་ནམ་ཞིག་རྟགས་ཡང་དག་དུ་འགྱུར་བའི་སྐབས་སྲིད་པ་དང་ལོ་རྒྱུས་འགའ་ཞིག་ལྟར་ན་ མི་ཁ་ཅིག་ལ་ནི་གྱུར་ཡང་ཟིན་པ་སྟེ། ཕྱི་ལོ་༡༩༥༨ལོའི་དགུན་དུས་སུ་ཨ་རིའི་དབྱི་ལིའུ་རོ་པུ་གླིང་གི་ཝ་ཏ་ཞི་ཅའི་ས་ཁུལ་ལ་དུ་ལོ་བཅུ་བཞིར་སོན་པའི་བུ་མོ་ལའོ་ ལན་ཟེར་བ་ལུས་སེམས་གཉིས་ཀར་ནད་གང་ཡང་མེད་པ་ཞིག་ཡོད།ལོ་དེའི་ཟླ་༡༢ཚེས་༡ནུབ་ མོར་དྲན་པ་མེད་པར་གྱུར་།སླར་དྲན་པ་རྙེད་པའི་ཚེ་ཁྱིམ་ཚེས་ཡ་ཧྲི་ལོ་ཕོས་ཁྱོ་ ཤུག་གཉིས་ལ་ལོ་བཅུ་གཉིས་ཀྱི་སྔོན་ཤི་སོང་བའི་བུ་མོ་མ་ལིས་ཞེས་པ་ཞིག་ཡོད་པ་ དེ་ཁོ་ན་ཉིད་དུ་མངོན་སུམ་ཚད་མར་གྱུར་ནས་འདུག ལའོ་ལན་གྱིས་མ་ལིས་གཏན་ནས་མཐོང་མ་མྱོང་ཡང་གཤིས་ཀ་ཐམས་ཅད་ཇི་མ་ཇི་བཞིན་དུ་འདུག མོས་ སྔོན་གྱི་ཕ་མ་གཉིས་སོགས་ཁྱིམ་མི་ཐམས་ཅད་གཏན་ནས་ངོ་མི་ཤེས་ཤིང་ང་རང་རང་ཁྱིམ་ དུ་གཏོང་རོགས་ཞེས་ཟེར།མ་ལིས་ཀྱི་ཕ་ཡ་ཧྲི་ལོ་ཕོས་ཀྱིས་དེ་ཐོས་འཕྲལ་ཨ་རིའི་ཝ་ ཧྲི་ཁང་ཤིན་གླིང་ཆོང་ནེས་གྲོང་ཁྱེར་ནས་སྨྱོ་ནད་ཀྱི་ཆེད་ལས་མཁས་པ་རབ་འབྱམས་ པ་ཧྲི་ཏིས་ཝེན་ཧྲེན་བོས་ཏེ་བརྟགས་དཔྱད་བྱེད་དུ་བཅུག ལའོ་ ལན་གྱིས་ཡ་ཧྲི་ལོ་ཕོས་ཀྱི་ཁྱིམ་ཚང་གི་ལོ་རྒྱུས་ཕྲ་ཞིང་ཞིབ་པ་ཇི་བཞིན་དུ་ བཤད་པས་ཕ་རྒན་ཤིན་ཏུ་ཡིད་ཆེས་དཀའ་བའི་གནས་འདི་ལ་ཡིད་མི་ཆེས་ཀ་མེད་བྱུང་སྟེ། ངེད་ཀྱིས་དོན་འདི་ཅི་ཡིན་གཏན་ནས་ཤེས་པ་མི་འདུག གང་ ལྟར་ཡང་འདི་ངེད་ཀྱི་མ་ལིས་ཡིན་ཐག་ཆོད་རེད་པས་རང་གི་ཁྱིམ་དུ་གཏོང་རོགས་ཟེར། ཧྲི་ཏིས་ཝེན་ཧྲིན་དང་ལའོ་ལན་གྱི་ཕ་མ་གཉིས་ཀྱིས་ཀྱང་བློར་བབ་སྟེ་ཟླ་༡༢ཚེས་༢༤ ཉིན་མ་ལིས་ཀྱི་ཕ་ཁྱིམ་དུ་སྤོས།ཁྱིམ་དུ་འབྱོར་མ་ཐག་མི་ཐམས་ཅད་ངོ་ཤེས།མོ་རང་ གི་སྔོན་གྱི་བྱ་སྤུའི་མགོ་རྒྱན་སོགས་ངོས་འཛིན་བྱས།དེ་ལྟར་ལུས་ལའོ་ལན་གྱི་ དང་།སེམས་ནི་མ་ལིས་ཁོ་ནར་གནས།༡༩༥༩ལོའི་ཟླ་༣ཚེས་༧ཉིན་ངུ་ཞིང་ཕ་མ་གཉིས་ལ་བོས་ཏེ་ལའོ་ལན་སླར་ལོག་བྱུང་ཟེར། མོས་ཤིན་ཏུ་ཡི་མུག་པའི་ཉམས་ཀྱིས་གྲོགས་པོ་ཚོ་ལ་གྱེས་མཇལ་ཞུས།ཟླ་༣ཚེས་༢༡ཉིན་ ཡང་དྲན་མེད་དུ་གྱུར་ཏེ་སླར་དྲན་པ་རྙེད་ཚེ་སྔོན་གྱི་ལའོ་ལན་རང་དུ་འདུག་པས་ སྔར་གྱི་རང་ཁྱིམ་དུ་ཕྱིར་སོང་ངོ་།ཚུལ་འདི་ལ་དེང་རབས་སེམས་ཁམས་རིག་པའི་རབ་ འབྱམས་པ་ཧོ་ཆུས་ཞེས་པ་དེས་རང་ཉིད་དངོས་ཀྱིས་དོན་འདིར་རྒྱུས་མངའ་བའི་དན་དཔང་ གི་མི་གཙོ་བོ་རྣམས་ལ་འདྲི་རྩད་ནན་ཏན་ཏུ་བགྱིས་ཏེ་རྫུན་ཅུང་ཟད་ཀྱང་མི་འདུག་ཟེར་རོ།།༡༩༣༧སྐུ་ཞབས་ ཡུས་ཉིད་སི་ཁྲོན་ཤིས་ཁྲང་ས་ཆའི་ལོས་ཧྲན་རི་བོའི་ཀྭང་ཧྤོས་དགོན་དུ་སྡོད་ སྐབས།ཉིན་ཞིག་གི་ཞོགས་པར་རི་ལས་བབས་ཏེ་གྲོང་དུ་དོན་ཞིག་བསྒྲུབ་པར་ཕྱིན།ལམ་ བར་དུ་ཆོང་ཧེ་ཞེས་པའི་མཚེའུ་ཞིག་ཡོད་པ་བརྒལ་ཕྱིར་གྲུར་ཞུགས།གྲུ་དེར་ལམ་ འགྲུལ་བཅུ་ལྷག་ཅིག་དང་བྱིས་པ་འགའ་ཞིག་ཀྱང་ཡོད།དེ་ལས་བྱིས་པ་གཅིག་གི་ལག་གཡས་གོས་གྱིས་བཏུམས་ནས་གཞན་ལ་མཐོང་དུ་མི་འཇུག ཅུང་ ཞིག་ནས་བྱིས་པ་གཞན་ཞིག་གིས་གློ་བུར་དུ་དེའི་ལག་པ་གཡས་ནས་བཟུང་སྟེ་ཤུགས་ཀྱིས་ཕྱིར་ཕྱུངས་པས་ལག་མགོ་ནི་ཕག་གི་སུག་པ་དངོས་སུ་འདུག སྐུ་ཞབས་ཡུས་ཉིད་ཀྱིས་དེ་མཐོང་ནས་དངངས་སྐྲག་སྐྱེས་པ་རྒད་པོ་ཞིག་གིས་མཐོང་སྟེ་སྨྲས་པ།བྱིས་པ་འདིས་སྔོན་གྱི་སྐྱེ་བ་གསུམ་དྲན་ཏེ།གསུམ་ཆར་དུའང་ཕག་ཁོ་ ནར་སྐྱེས།ཁོས་ད་ལྟའང་སྔོན་ཤན་པས་ཕག་གི་མིད་པར་གྲི་བཙུགས་ཏེ་གསོད་པ་དང་།ཤ་ ཚོང་འདུས་སུ་ཁྱེར་ནས་གྲིས་དུམ་བུར་གཅོད་པ་རྣམས་དྲན་ཚེ་སྙིང་ལ་མཚོན་བསྣུན་པ་ལྟ་བུའི་སྡུག་བསྔལ་མྱོང་གིན་འདུག་ཅེས་ཟེར་རོ།།ཐཱེ་ཝན་གྱི་ཐཱེ་པེ་གྲོང་ཁྱེར་ ན་ཕ་ཡུལ་རྒྱ་ནག་ཀྲེ་ཅང་ནས་ཡིན་པའི་རྒན་པོ་ཨོང་ཉིད་ཀྱི་ལག་གཡོན་པའང་ཕག་སུག་ ཏུ་ཡོད་ལ།ཁོས་རང་ཉིད་མི་ཕག་དང་ཕག་ནས་སླར་ཡང་མིར་སྐྱེས་ཚུལ་རྣམས་གསལ་དྲན་གྱི་འདུག ཚུལ་དེར་རོ་ཡུས་ཞེས་པའི་ བཙུན་པ་ཞིག་གིས་མངོན་སུམ་དུ་མཐོང་སྟེ།༡༩༧༣ལོར་ཡི་གེར་སྤེལ་བ་ལོ་དེར་དཔར་ སྐྲུན་བགྱིས་སྣང་།དེ་ཡང་རྒན་པོ་ཨོང་ཉིད་ཀྱིས་ལག་གཡོན་པ་རས་ཀྱིས་དཀྲིས་ཏེ་ སུ་ལའང་མི་སྟོན།ཟས་ཟ་བའི་ཚེ་ནའང་ཕོར་བ་ཅོག་ཙེའི་སྟེང་བཞག་སྟེ་བཟའ།གོས་འཁྲུ་ བ་དང་།ཟས་གཡོ་བ་སོགས་གཞན་གྱིས་གྲོགས་བྱེད་ཁོ་ནར་བརྟེན་དགོས།ཉིན་ཞིག་རོ་ཡུས་ དང་མཉམ་དུ་ཟས་བཟའ་སྐབས་ལག་མགོ་སྦ་བྱེདཀྱི་རས་ཐང་ལ་ལྷུང་བས་ལག་མགོ་ཕག་གི་ རྨིག་པ་ཅན་དུ་མཐོང་ནས་ཞིབ་ཏུ་དྲིས་པ་ན།རྒན་པོ་ཨོང་གིས་ན་རེ།ངའི་སྐྱེ་བ་སྔ་ མའི་སྔ་མ་དེ་མི་དབུལ་བོ་ཞིག་ཡིན།ཐེངས་ཅིག་ནད་ཀྱིས་བཏབ་ནས་འཆིར་ཉེ་བའི་ཚེ་ན། གློ་བུར་དུ་ལུས་ནི་ཡང་སེང་ངེ་བ་ཞིག་ཏུ་གྱུར་ནས་མིང་མི་ཤེས་པའི་གྲོང་རྡལ་ ཞིག་ཏུ་འབྱོར།དེའི་ཚེ་ངའི་ལུས་ལ་གྲང་བའི་སྣང་བ་དཔེ་མེད་པ་ཞིག་བྱུང་ནས་རང་ དབང་མེད་པེ་གྲང་འདར་རྒྱག་དགོས་པ་ཞིག་བྱུང་།དེའི་ཚེ་དེ་ན་ཁྱིམ་ཚང་ཞིག་མཐོང་ སྟེ།ཁང་པའི་སྒོ་ནི་ཕྱེ་སྟེ་བཞག་འདུག ནང་ དུ་ཕྱིན་པས་མི་གཅིག་ཀྱང་མི་འདུག་ཁང་བའི་གྱང་ལོགས་སུ་གོས་ནག་པོ་འགའ་ཞིག་བཀལ་ བ་མཐོང་ནས་རྐུ་སེམས་སྐྱེས་ཏེ།གོས་གཅིག་བླངས་ནས་གྱོན་པས་ལུས་པ་དྲོད་ཀྱིས་ ཁྱབ་སྟེ་ཤིན་ཏུ་བདེ་བ་ཞིག་བྱུང་ཞིང་།ལུས་རང་དབང་མེད་པར་གྱང་ལོགས་དེར་སྡོད་ དགོས་པ་ཞིག་བྱུང་ནས་བསྡད་པས་གཉིད་དུ་ཡུར་སོང་།དུས་ཅི་ཙམ་ཞིག་གཉིད་པ་ནི་མ་ ཤེས།གཉིད་སད་ཚེ་ཕག་ཚང་ཞིག་ན་ཕག་མ་ལ་ཕག་ཕྲུག་བདུན་བརྒྱད་ཅིག་བཙའ་བཞིན་འདུག་ པ་དེའི་ཁྲོད་ན་སྐྱེ་འདུག རང་གི་ལུས་ ལ་བལྟས་པས་རང་ཡང་ཕག་ཕྲུག་ཏུ་གྱུར་འདུག་པས་ཤི་ནས་ཕག་གི་སྐྱེ་བ་བླངས་པ་ཡིན་པ་ ད་གདོད་ཤེས།སེམས་ལ་འཇིགས་དངངས་དང་སྐྱོ་བ་ཚད་མེད་པ་ཞིག་བྱུང་།དེ་ནས་སེམས་ སྡུག་དྲགས་ནས་འཆིར་འཇུག་སྙམ་དུ་བསམས་ནས་ཟས་གཅོད་བྱས།འོ་མ་ཡེ་མ་བཏུངས་ཤིང་ ཟས་གཞན་ཡང་ཅུང་ཟད་ཀྱང་མ་ཟོས།ཞག་བདུན་གྱི་རྗེས་སུ་སླར་ཡང་སྔོན་བཞིན་ལུས་ཡང་ སེང་ངེ་བ་ཞིག་ཏུ་གྱུར་ནས་ཕག་ཚང་ལས་ཐོན་ཏེ་ཡང་གྲོང་ཚོ་གཞན་ཞིག་ཏུ་རླུང་གིས་ ཁྱེར་བ་བཞིན་སོང་།དེ་ནའང་མི་མེད་ཅིང་སྔར་བཞིན་གོས་འབའ་ཞིག་མཐོང་སྟེ།ལག་ གཡོན་བརྐྱངས་ཏེ་རྐུ་བར་བརྩམས་ནས་ལག་གཡོན་གོས་ཀྱི་མཐའ་ལ་རེག་པ་ཙམ་གྱི་ཚེ་ན་ སྔར་འདི་ལྟར་བརྐུས་ནས་ཕག་ཏུ་སྐྱེས་པ་དྲན་ནས་ལག་པ་ཕྱིར་བསྐུམས།འདི་ཉིད་དུ་ གྲང་བས་འཆིར་འཇུག་སྙམ་སྟེ།གནས་དེར་བསྡད་པས་གྲང་དྲགས་པས་དེ་ཉིད་དུ་བརྒྱལ་བར་ གྱུར།དུས་ཅི་ཙམ་སོང་བ་ནི་མ་ཤེས།བརྒྱལ་སངས་པའི་ཚེ་ན་མི་ཁྱིམ་ཞིག་ཏུ་སྐྱེས་ ཏེ་ལུས་ཀྱང་བྱིས་པ་ཆུང་ངུ་ཞིག་ཏུ་གྱུར་ཏེ་གཏམ་སྨྲ་བར་འདོད་ཀྱང་སྨྲ་བར་མི་ ནུས་པ་ཞིག་ཏུ་འདུག འོན་ཀྱང་ལག་མགོ་ གཡོན་པ་འདི་ནི་འདི་ལྟར་ཕག་སུག་ཞིག་ཏུ་གྱུར་འདུག་ཟེར་རོ།།བཙུན་པ་རོ་ཡུས་ ཀྱིས་འདི་མཐོང་དུས་ནི་༡༩༥༦ལོ་རེད།རྒན་པོ་ཨང་ཉིད་ཀྱིས།ངའི་གནས་ཚུལ་འདི་ངེད་ ཀྱི་རྩ་བའི་བླ་མ་ནན་ཐེན་དང་ཁྱེད་གཉིས་ལས་གཞན་སུ་ལའང་བཤད་མ་མྱོང།ཅིས་ཀྱང་ གསང་རོགས་ཟེར།རྗེས་སུ་རྒན་པོ་དེ་གྲོང་ཁྱེར་གྱི་སྨན་ཁང་ནས་ཚེ་འཕོས་རྗེས་ཀུན་ ལ་བསྒྲགས་པ་རེད།དེ་བཞིན་དུ་༡༩༢༥ལོར་རྒྱ་ནག་ཧྲང་ཧེ་ན་ཤན་པ་ཞིག་ཡོད་པ་འཆི་ནད་ ཀྱིས་ཐེབས་ནས་ཡོད་སྐབས།བཙུན་པ་གནས་སྐོར་ལ་འགྲོ་བ་ཞིག་དང་འཕྲད་པས།བཙུན་པ་ན་ རེ།ཁྱོད་སྡིག་པ་ཆེ་བས་བཤགས་པར་གྱིས་ཟེར།ཤན་པས་ཐལ་མོ་ཡ་གཅིག་སྦྱར་ཏེ་སངས་ རྒྱས་ལ་གསོལ་བ་བཏབ་སྟེ་ཤིའོ།།དེ་ནས་ཟླ་བ་འགའི་རྗེས་སུ་ཤན་པའི་ཁྱིམ་མི་རྣམས་ ལ་ཐུན་མོང་དུ་རྨི་ལམ་ཡ་མཚན་པ་ཞིག་བྱུང་སྟེ།ཕ་རྒན་ན་རེ།ང་ཁྱོད་ཚོའི་ཁྱིམ་ གྱི་ཕ་རྒན་ཡིན།སང་ཉིན་ཁྱིམ་མཚེས་ཀྱི་ཕག་ཚང་དུ་ཕག་ཕྲུག་ཏུ་སྐྱེ་བར་འགྱུར།ཕག་ པྲུག་གི་ལག་པ་ཡ་གཅིག་མིའི་ལག་པ་ཡིན་པས་ནོར་མི་དགོས།ངའི་སྲོག་སྐྱོབས་ཤིག་ ཟེར་རོ།།ཕྱི་ཉིན་བལྟས་པས་ཇི་ལྟ་བ་བཞིན་འདུག་པ་ཧྲང་ཧེའི་ཏ་ཁྲངཔའོ་ཧྭ་དགོན་ གྱི་ཚེ་ཐར་ར་བར་བཏང་སྟེ་ཚེ་ཐར་བྱས།ཅིན་ཧྭ་པར་ལེན་ཁང་གིས་འདིའི་བརྙན་པར་ བླངས་ཏེ་དུས་ཐེབ་ཐོག་བཀོད་པས་ཧྲང་ཧེའི་མི་ཕལ་མོ་ཆེས་ཤེས།བརྙན་པར་དེ་ནི་ད་ དུང་ཡང་འདུག་གོ།།ཞེས་འབྱུང་བ་སོགས་ཀྱིས་མཚོན་ནོ།

ཁྱེད་ཀྱི་གོང་གི་དེ་འདྲའི་དྲང་གཏམ་ལ་ངོས་ནས་ཀྱང་མོས་མཐུན་རེ་བྱེད་བཞིན་ཡོད་མོད་ཉིད་ནས་མངོན་གྱུར་བསྟན་པ་མངོན་སུམ་དང་མི་འགལ། ལྐོག་གྱུར་བསྟན་པ་རྗེས་དཔག་དང་དང་མི་འགལ། ཤིན་ ལྐོག་བསྟན་པ་རང་ཚིག་སྔ་ཕྱི་དང་བརྗོད་བྱ་དངོས་ཤུགས་མི་འགལ་ཞེས་སོགས་བཤད་ཡམ་ ཅི་འདྲ་བྱས་ཀྱང་དོན་དུ་ནི་ནམ་རྒྱུན་རྫུན་བཤད་པ་མ་མཐོང་ཞིང་། ད་རེས་ཀྱི་སྐད་ཆ་གོང་འོག་ལྷུ་ཐུག་པ་ཞིག་བྱུང་སོང་ན་ཆ་འཇོག་བྱ་དགོས་ཞེས་པ་ཙམ་ཞིག་ཡིན་པར་སྣང་སྟེ། དེ་ ལྟ་ན་འཇིག་རྟེན་གྱི་རྒན་པོ་ཡ་རབས་ཤིག་གི་སྐད་ཆ་ལས་ལྷག་པའི་ཁྱད་ཆོས་ཅི་ཡང་ མི་འདུག་པས་ལུང་ཚད་མ་ཞེས་པ་དེའང་དེ་ཙམ་རེད་ཟེར་བ་ནི་ཐལ་ཆེས་པ་ཞིག་མིན་ནམ་ སྙམ་སྟེ།རླབས་ཆེན་གྱི་ཚན་རིག་མཁན་པོ་ཁག་ཅིག་གིས་ཀྱང་ཡིད་སྨོན་ཤོར་མྱོང་བའི་ གཟིགས་རྒྱང་ཅན་གྱི་སྟོན་པ་ཁོང་ཁྱེད་ཀྱིས་འཇིག་རྟེན་རྒན་པོ་ཞིག་གི་གྲལ་དུ་ འཕང་འདུག་པས་སོ།།སྤྱིར་གནས་གསུམ་བསྟན་པའི་གོ་རིམ་ལྟར་གྱི་ཡིད་ཆེས་ཅན་གྱི་རྗེས་དཔགས་ཞིག་ནི་ཁྱོད་ལ་ཡང་འདུག་མོད་དེ་ལྟར་ངོ་མ་ཤེས་པ་ནི་ཉེ་ཆེ་བས་་མིག་གིས་རྫི་མ་མི་མཐོང་བའི་བའི་དཔེར་ཟད་དོ་། དེ་ཡང་ཁྱོད་ཀྱིས་ཚན་རིག་པས་འཇིག་རྟེན་འགས་གཏོར་ཆེན་མོ་ལས་བྱུང་བར་འདོད་ཀྱང་འགས་གཏོར་ཆེན་མོ་རང་ཉིད་ཅིའི་ཕྱིར་བྱུང་བ་ཤོད་ཀྱི་མེད་ཅེས་པའི་སྐད་ཆ་འདི་གཅིག་པུ་ལས་ཀྱང་ཤེས་ཐུབ་པར་འདུག་སྟེ།འགས་གཏོར་ཆེན་མོ་ཅི་ཕྱིར་བྱུང་བ་ཁྱོད་དང་ཚན་རིག་མཁན་པོ་གཉིས་ཀས་མི་ཤེས་མོད་ཁོང་ཚོས་བཤད་པ་མང་པོ་ཞིག་ཐོད་ཐུག་པའི་རྐྱེན་གྱིས་ཁྱེད་ཀྱིས་ཁོང་ཚོ་ལ་ཡིད་ཆེས་ཀྱིས་ཚད་མར་གཟུང་།དེ་ནས་ཁོང་ཚོས་བཤད་པའི་ཤིན་ལྐོག་ཀྱི་དོན་འགས་གཏོར་ཆེན་མོའི་རྒྱུ་རྐྱེན་སོགས་ལ་ཡང་ཡིད་ཆེས་ཆེན་པོ་ཞིག་བྱེད་བཞིན་འདུག་པས་སོ། སངས་རྒྱས་དཀོན་མཆོག་ མི་འཐད་པའི་རྩོད་སྤོང་། སངས་རྒྱས་དཀོན་མཆོག་དང་དེའི་ཆོས་ཉིད་གཉིས་གོ་རིག་ཐོས་གསུམ་གང་ཡང་མི་འདུག་ན་མེད་ལབ་བཞག་ན་ཆོག་མོད་ཞེས་པ་ནས་སངས་རྒྱས་མེད་ན་གདུལ་བྱ་སུས་འདུལ་ཆོས་འཁོར་སུས་བསྐོར་སྙམ་ནས་ཞེད་སྣང་ལང་པ་ཡིན་ན་།དེ་ཚོ་འཁྲུལ་སྣང་རེད་ཅེས་ཁྱོད་ཀྱིས་བཤད་ཟིན་པ་མིན་ནམ་།འཁྲལ་སྣང་ལ་ནི་བྱེད་པ་པོ་མི་དགོས་ཏེ་།མིག་བརྩིར་སྐབས་ཀྱི་ཟླ་གཉིས་བཞིན་ནོ་ཟེར་བ་ནི་‘འཕགས་བོད་ཀྱི་ལྗོངས་ཁོ་ནར་ཡང་མདོ་སྔགས་ཀྱི་དགོངས་དོན་་ཐབས་ཤེས་རིམ་གཉིས་ཀྱི་ཟབ་ལམ་ལ་བརྟན་པ་ཐོབ་ཅིང་བསྙེན་་བྒྲུབ་ལས་གསུམ་མཞར་ཕྱིན་པ་ཁག་ཅིག་ལ་དངོས་ཉམས་རྨི་ལམ་ཚུན་དུ་སངས་རྒྱས་བྱང་སེམས་དང་རྩ་གསུམ་ལྷ་ཚོགས་ཀྱི་ཞལ་གཟིགས་དབུག་དབྱུང་བྱིན་གྱིས་བརླབས་པའི་མཚན་མ་ཇི་རྙེད་ཅིག་བྱུང་བ་དག་ལ་བསྐུར་བ་ཙམ་དུ་མ་ཟད་ཐ་ན་ལུམ་བྷྰིའི་ཚལ་དུ་སྐུ་བལྟམ་ཤིང་མཆོད་རྟེན་རྣམ་དག་གི་དྲུང་དུ་དབུ་སྐྲ་བསིལ།ཆུ་བོ་ནེ་རན་ཛའི་འགྲམ་དུ་དཀའ་བ་སྤྱད་ཏེ་མཐར་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པར་སངས་རྒྱས་ཞེས་ཐེག་པ་གསུམ་ཀས་ཐུན་མོངས་དུ་ཁས་ལེན་པའི་སྟོན་པ་ཤྰཀྱ་ཐུབ་པ་ལ་ཡང་བསྙོན་པ་ནི་ཆེས་ཡ་ང་བ་་ཞིག་མ་ཡིན་ནམ།འཁྲུལ་སྣང་ལ་བྱེད་པ་པོམིབྱེད་པ་པོ་མི་དགོས་ན་།མིག་བརྩིར་སྐབས་ཀྱི་ཟླ་གཉིས་བཞིན་ཞེས། མིག་བརྩིར་བ་ཟླ་གཉིས་སུ་སྣང་བའི་རྒྱུར་རང་ཉིད་ཀྱིས་ཀྱང་ཁས་བླངས་འདུག་མོད། དེ་ལྟར་མ་མི་ཤེས་པ་ནི་གཡག་ཞར་གྱིས་རྩ་ཟ་བའི་དཔེར་ཟད་དོ། ཡང་ཉིད་ནས་ཐེག་ཆེན་པའི་ལུགས་ལྟར་ ན་སངས་རྒྱས་སྔ་མ་ཁ་ཅིག་གི་མཛད་འཕྲིན་ཁོ་ནས་ནམ་མཁའ་ལྟར་ཀུན་ལ་ཁྱབ་ཅིང་བསྐལ་ བ་ཇི་སྲིད་བར་རྒྱུན་ཆད་མེད་པ་ཞིག་ཡིན་ཚེ་སངས་རྒྱས་ཕྱི་མ་ཚོ་འབྱོན་པ་ལ་དགོས་ ནུས་སྤུ་ཙམ་མི་འདུག་ཏེ་། སངས་རྒྱས་སྔ་མ་དེས་བསྒྲུབ་མི་ཐུབ་པ་དང་མི་ཚར་བའི་ལས་ཀ་སྣ་ཅིག་ལག་ཏུ་འོང་རྒྱུ་མེད་པའི་ཕྱིར། སངས་རྒྱས་ཕྱི་མ་ཚོ་ནམ་ཡང་ལག་པ་བཅང་ཏེ་ཁ་རོག་གེར་འདུག་དགོས་པར་འགྱུར་རོ་ཟེར། དྭོགས་པ་འདི་རིགས་ཁོ་བོ་ཅག་ལའང་རིང་མོ་ཞིག་ནས་སྐྱེས་ཟིན་ཅིང་ཐལ་འགྱུར་དོན་ལྡན་ཞིག་ཀྱང་ཡིན་ཆ་མོད། སངས་རྒྱས་སྔ་མ་ཚོ་ལ་རང་ངོས་ནས་བསྒྲུབ་མི་ཐུབ་པའི་ལས་ཀ་ཞིག་མེད་མོད། དེ་ དང་གདུལ་བྱ་ཁ་ཅིག་ལ་ལས་བཟང་ངན་གྱི་འབྲེལ་བ་མེད་པས་མཛད་འཕྲིན་གྱི་ཡུལ་དུ་མ་ གྱུར་སྟབས། སངས་རྒྱས་ཕྱི་མ་ཚོ་རང་དང་འབྲེལ་བཅས་ཀྱི་སེམས་ཅན་ཚད་མེད་པ་ཞིག་ཡོད་པ་དེ་ཚོའི་ཆེད་དུ་འཚང་རྒྱ་བ་ཡིན་ཟེར་འོང་ན། ཁྱེད་ ནས་ཅི་ཞིག་གསུངས་རྩིས་ཡོད།ལར་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་པ་སོགས་གང་ལའང་ ཡུལ་ལ་ཕན་ཐོགས་མིན་དང་གནས་ཚུལ་དང་མཐུན་མིན་ཁོ་ནར་ལྟོས་དགོས་པའང་མིན་ཏེ་།ཕན་ མི་ཐོགས་རྒྱུ་དང་འགྲུབ་མི་སྲིད་པ་ཤིག་ཡིན་རུང་རང་ཉིད་ཀྱི་བློ་སྦྱང་བ་དང་ ཚོགས་རྫོགས་པ་སོགས་ཀྱི་དགོས་པ་ཚད་མེད་པའི་ཕྱིར་ན་ཐབས་ལ་མཁས་པའི་ཆེ་བ་ཉིད་ དུ་ཤེས་པར་བྱ་སྟེ།ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་བཞིནl་ནོ།མཐའ་གཅིག་ཏུ་ཕན་ འབྲས་མེད་པར་ཡང་མི་བལྟ་སྟེ།སེམས་བསྐྱེད་པ་དེའི་སྟོབས་ཀྱིས་རང་གི་མཛད་འཕྲིན་ གདུལ་བྱའི་ཡུལ་ལ་རིས་མེད་དུ་འཇུག་པར་འགྱུར་བ་དང་། རང་དོན་དོན་གཉེར་ ཉིད་དུའང་མི་འགྱུར་བ་ནི་བརྩེ་བའི་སྙིང་རྗེ་ཆེན་པོའི་མཐུ་ལས་བྱུང་བ་རྒྱལ་ སྲས་སེམས་དཔའ་ཆེན་པོའི་སྙིང་སྟོབས་གྱི་ཆེ་བ་ཡིན་པའི་ཕྱིར་རོ།གསང་སྔགས་ཀྱི་ གཞུང་ཁ་ཅིག་ལས་རང་སྣང་ལོངས་སྐུ་དང་གཞན་སྣང་ལོངས་སྐུ།དེ་བཞིན་ཕྱེད་སྤྲུལ་ ལོངས་སྐུ་སོགས་ཀྱི་རྣམ་གཞག་མཛད་པའི་དགོངས་དོན་ཇི་བཞིན་རྟོགས་ན་ཁྱེད་ཀྱི་ བཀའ་བཀྱོན་དེ་འདྲ་རང་འབེབ་དགོས་མ་མཆིས་མོད་།འཇིག་རྟེན་པའི་དཔེར་།ཧ་མ་གོ་པ་དེ་ ཧམ་པ་ཆེ་།གཉིད་མ་ཟིན་པ་དེ་ནམ་ཐག་རིང་།ཞེས་པའི་དོན་ཁྱེད་ལ་མངོན་དུ་གྱུར་པར་ཐུགས་ཁག་མེད་དོ་། ཡང་དགེ་ཆོས་ཀྱིས་ངེས་པ་ལྔ་ལྡན་ གྱི་ལོངས་སྐུ་དེ་རྒྱ་གར་གྱི་ཡུལ་མིའི་ཆ་ལུགས་ནང་བཞིན་དར་གྱི་སྟོད་གཡོག་སྨད་ གཡོག་དང་རིན་པོ་ཆེའི་རྐང་གདུབ་ལག་གདུབ་གྱོན་ནས་བཞུགས་ཡོད་པ་ནི་ལོངས་སྐུ་དེ་ རྒྱ་གར་མིའི་སྐུ་སྐྱེ་ཡིན་པས་རེད་།དེས་རིགས་འགྲེས་ནས་རྒྱ་ནག་པའི་མི་ཞིག་ ལོངས་སྐུ་ཐོབ་པའི་དབང་དུ་བཏང་ན་ཁོས་ཨག་ཚོམ་རིང་པོ་ཞིག་བཞག་སྟེ་གསེར་འབྲུག་ རིས་ཀྱི་བེར་ཆེན་ཞིག་གྱོན་ནས་སྡོད་པར་ངེས་ལ།བོད་མི་ཞིག་ཤི་ནས་འོག་མིན་དུ་ སྐྱེས་བའི་དབང་དུ་བཏང་ན་ཁོས་དཔག་བསམ་ཤིང་གི་ལོ་མར་འདོད་འཇོའི་བ་མར་སྦྱར་ བའི་དཀྲུག་ཇ་ཞིམ་པོ་ཞིག་འཐུང་བཞིན་བསྡད་ཡོད་རྒྱུ་རེད།ཅེས་གསུངས་བ་འདིས་ཐེག་ ཆེན་པའི་ལུགས་ཀྱི་སྐུ་དང་ཞིང་ཁམས་ཡོད་ཚད་ཀྱི་དབུ་ལ་ཐོག་བརྒྱབ་པར་སྨྲས་མོད། རྡོ་རྗེ་གཅོད་པ་སོགས་ནས་།གང་དག་ང་ལ་གཟུགས་སུ་མཐོང་།། གང་དག་ང་ལ་སྒྲར་ཤེས་པ།། ལོག་པའི་ལམ་དུ་ཞུགས་པ་སྟེ།། སྐྱེ་བོ་དེ་དག་ང་མི་མཐོང་།། ཞེས་དང་། རང་དོན་གཞན་དོན་དམ་སྐུ་དང་ནི།། དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ།། ཞེས་སོགས་ཇི་སྙེད་ཅིག་གསུངས་པའི་དགོངས་དོན་ཚུལ་བཞིན་རྟོགས་ན་ནི། དབུ་ལ་ཐོག་ལྷུང་ཡོང་བའི་འཇིགས་པ་མེད་པ་མ་ཟད་དགོངས་པའི་ཆུ་བོ་ཡེ་ཤེས་ཀྱི་ཀློང་དུ་རོ་གཅིག་པར་ཡང་འགྱུར་ཏེ། ཇི་སྐད་དུ། རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག། ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང་།། ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ།། ཞི་ཁྲོ་སྤྲུལ་བའི་སྐུ་ལ་ཕྱག་འཚལ་ལོ།། ཞེས་སོགས་ཚད་མེད་པར་འབྱུང་བ་བཞིན་ནོ། ལར་ ཁྱེད་ནས་མཁས་དབང་དགེ་ཆོས་ལགས་ཐེག་ཆེན་གྱི་ཞིང་སྐུ་ཁས་མི་ལེན་མཁན་ཞིག་མ་ཡིན་ པ་མཁྱེན་བཞིན་དུ་ལུང་དེ་རྩོམ་པ་པོའི་དགོངས་དོན་དང་མི་མཐུན་ས་ཞིག་ཏུ་ལོག་ འགྲེལ་བརྒྱབ་ནས་ཅི་ཞིག་གནང་རྩིས་ལགས། གལ་སྲིད་ལོངས་ སྐུ་དེ་བོད་པ་ཞིག་ཡིན་ན་རང་ས་ན་ཡོད་པའི་ཇ་བཟང་གི་ལོ་མར་འབྲི་མར་སེར་པོའི་ ཐིག་གིས་མི་བརྒྱན་པར་གནས་ཀྱི་བསྐལ་བའི་ཤིང་ལོ་དང་བ་མར་ཞིག་ལ་སྲེད་པས་རེ་ དགོས་ཅི་ཞིག་གིས་ཉེས་པ་ཡིན་ནམ། ཞེས་པའང་ཞར་བྱུང་ཉམས་མཚར་ཙམ་མོ།།

འཕོ་གསུམ་དྲི་མས་དག་པ་ཆོས་སྐུའི་མཁར་།

རང་སྣང་ལོངས་སྐུས་གནམ་ཟླའི་དཔལ་འཛིན་ཅིང་།

གཞན་སྣང་ལོངས་སྐུས་ཡར་ཟླར་འགྲན་པ་སྟེ།

ཕྱེད་སྤྲུལ་ལོངས་སྐུས་ཉ་ཟླའི་དཔལ་ལ་འཁུ།
དོན་དམ་སྟོང་ཉིད་སྐོར་ལས་བདག་ མེད་མི་འཐད་པའི་རྩོད་སྤོང་།   /> ཡང་སྐུ་ཉིད་ནས་བསྟན་པའི་སྙིང་པོ་དོན་དམ་སྟོང་ཉིད་ཀྱི་རྣམ་གཞག་འགོག་པར་བཞེད་ནས། དེ་ཡང་ཆོས་དང་གང་ཟག་གི་བདག་མེད་གཉིས་སུ་འདུས་པའི་རྒྱུ་མཚན་གྱིས་ཐོག་མར་གང་ཟག་གི་བདག་མེད་འགོག་པར་འདོད་པས་འདི་སྐད་དུ། ངའོ་བདག་གོ་སྙམ་པའི་བློ་དེ་འཁྲུལ་བ་དང་བདག་འཛིན་ཡིན་ན། ང་མེད། བདག་མེད་སྙམ་པའི་བློ་དེ་ཚད་མ་དང་བདག་མེད་རྟོགས་པའི་བློ་ཡིན་དགོས། དེ་ལྟར་ཡིན་ན་ང་དང་བདག་མེད་དགོས་ཤིང་། དེ་ལ་འདོད་ཟེར་ན། ང་མེད་ཟེར་མཁན་ཁྱེད་རང་སུ་ཡིན་སྨྲ་དགོས་སོ་ཟེར། འདི་ནི་དབུ་མ་པ་ཙམ་མ་ཟད་ཚན་རིག་ལ་ཡང་འཕྲད་མྱོང་བའི་དཀའ་ངལ་ཞིག་སྟེ། དེ་ཡང་ཚན་རིག་ནང་ཧའེ་སན་ཕོར་གྱིས་གཞལ་མི་ནུས་པའི་གོ་དོན་ཞེས་པ། དངོས་པོ་ཞིག་གི་གནས་པའི་གོ་ས་དང་བགྲོད་པའི་མྱུར་ཚད་གཉིས་ཀ་ཕྲ་ཞིབ་ཀྱི་སྒོ་ནས་གཏན་ལ་འབེབ་ནུས་པ་རགས་པའི་འཇིག་རྟེན་གྱི་རྣམ་བཞག་ཡིན། ཕྲ་བའི་འཇིག་རྟེན་ནམ་གཞི་རྡུལ་ཞིག་གི་དབང་དུ་བྱས་ན་དེ་མི་ནུས་སྟེ། གཞི་རྡུལ་དེའི་གོ་ས་གཏན་ལ་འབེབས་ཐུབ་པ་ན་དེའི་འགུལ་ཤུག་སམ་མགྱོགས་ཚད་གཏན་ལ་དབབ་མི་ནུས།དེའི་མགྱོགས་ཚད་གཏན་ལ་འབེབ་ཐུབ་པ་ན་གོ་ས་ལྟོར་ནས་གཞལ་མི་ཐུབ། ཅེས་འབྱུང་བ་བཞིན་ནོ། དེ་ལ་མཁས་དབང་དགེ་ཆོས་ཀྱིས། གསང་བའི་ཐོག་ནས་མི་ཁ་ཅིག་ཕྱོགས་ག་ཤེད་ཅིག་དུ་འགྲོ་སྐབས། གཅིག་གིས་ང་ཚོ་ཁ་མི་གྲགས་ཟེར་སྐབས། གཞན་ཞིག་གིས་ཁྱོད་ཀྱིས་ཁ་མི་གྲགས་ཟེར་བ་དེ་ག་རང་ཁ་གྲགས་པ་མ་ཡིན་ནམ་ཞེས་ཀྱལ་ཀ་བྱས་པ་དང་མཚུངས་པས་སྙིང་པོ་མེད་པར་གསུངས་ཤིང་། མདོ་དང་རྒྱན་གྱི་བསྟན་བཅོས་རྣམས་ལས་ནི་དོན་དམ་སྒོ་ཅན་དང་ཀུན་རྫོབ་སྒོ་ཅན་གྱི་རྩོད་པ་ཞེས་པའི་ལན་དེ་གཉིས་ཁོ་ནས་འཐུས་པར་མཛད་པ་སྟེ། གང་ཟག་ཆོས་ཅན། བདེན་པར་གྲུབ་པར་ཐལ། ཀུན་རྫོབ་ཏུ་གྲུབ་པའི་ཕྱིར་ཟེར་ན། ཀུན་རྫོབ་སྒོ་ཅན་ཞེས་དང་། དེ་ཆོས་ཅན། ཐ་སྙད་དུ་ཡང་མ་གྲུབ་པ་ཐལ། དོན་དམ་པར་མ་གྲུབ་པའི་ཕྱིེར་ན་དོན་དམ་སྒོ་ཅན་ཞེས་པའི་ལན་གཉིས་ཁོ་ནས་གླན་ཀའི་ཕྱོགས་མ་ལུས་པ་གཞིལ་བར་མཛད་ཡོད། ཀུན་མཁྱེན་རོང་སྟོན་པས་ཀྱང་སོ་སྐྱེའི་རྒྱུད་ཀྱི་བདག་མེད་གཏན་ལ་འབེབ་བྱེད་ཀྱི་བློ་གང་ཡིན་རྟོག་པ་སེལ་འཇུག་ཡིན་སྟབས། སྤྱིར་གྱི་ང་བདག་མེད་པར་འཛིན་བའི་རིགས་ཤེས་དེ། བྱེ་བྲག་ང་མེད་པར་སྨྲ་བ་པོའི་གནས་ཚུལ་ལ་མ་ཞུགས་པས། གཉིས་ཀ་མེད་པར་སྟབས་གཅིག་ཏུ་འཛིན་མི་དགོས་པའི་གནད་ཀྱིས་དེ་འདྲའི་སྐྱོན་དེ་མི་ འཇུག་པར་དོན་གྱིས་གསུངས་ཤིང་།ཀུན་མཁྱེན་གོ་བོས་ཀྱང་དོན་གནད་དེ་དང་མཚུངས་པར་བསྡུས་ པའི་ཚུལ་དུ། གནས་ལུགས་རྟོགས་པའི་སོ་སྐྱེའི་རིགས་ཤེས་ཀྱིས།། མཐའ་བཞིའི་སྤྲོས་པ་ཅིག་ཆར་མི་ཁེགས་ཀྱང་།། རེས་འཇོག་ཚུལ་གྱིས་བཞི་ཆར་བཀག་ནས་ནི།། ཚུལ་བཞིན་བསྒོམ་པས་མཐོང་ལམ་སྐྱེས་པའི་ཚེ་།ལྟ་བ་ཆོས་དབྱིངས་མཐོང་བའི་ཐ་སྙད་མཚད་།ཞེས་སོགས་གསལ་བར་འབྱུང་བས་དོན་གནད་འདུས་མོད། འོན་ ཀྱང་ཁྱེད་ཀྱིས་རང་རེའི་མཁས་པ་རྣམས་ནི་རིགས་ལམ་སྐམ་པོ་ཁོ་ནར་འདྲིས་ཤིང་ འགྲོགས་ནས་འཚར་ལོང་བྱུང་བ་ཡིན་སྟབས་རིགས་ལམ་གྱི་ཐོག་ནས་ཡ་ལན་ནན་པོ་ཞིག་མ་ འཕྲོད་ན་ཁོང་ཚོའི་རྒྱུད་ཀྱི་བླུན་སྤོབས་དེ་ནམ་ཡང་གཞོམ་མི་ནུས་པས་ཞེས་སྨྲས་པ་དང་ཚུལ་མཚུངས་པར། ཁྱེད་ཀྱང་རྟོག་གེའི་རིགས་ལམ་གྱི་འགྲོས་དང་མཐུན་པའི་ལན་ཞིག་མ་བྱུང་བར་ཐུགས་ཚིམས་གི་མེད་ཚོད་འདྲ་བས། བསྡུས་གྲྭའི་ལུགས་ལྟར་ན་ནི་སྦྱོར་བ་དེ་ལ་སྦྱོར་ལུགས་སྐྱོན་ཅན་ནམ་ཞེ་འདོད་ལ་མ་བསྙེགས་པའི་རྩོད་པ་ཞེས་པའི་ལན་དེ་རང་འདེབས་འོང་སྟེ། དེ་ལས་།ང་དང་བདག་དང་གང་ཟག་རྣམས་དོན་གཅིག་མིང་གི་རྣམས་གྲངས་སུ་བྱས་པ་ལ། ཁ་ཅིག་གིས་།ཤེས་བྱ་ཆོས་ཅན།གཞི་གྲུབ་ན་བདག་མེད་ཡིན་པས་མ་ཁྱབ་པར་ཐལ་ཏེ། བདག་ཡོད་པའི་ཕྱིར་།དེར་ཐལ། ང་ཡོད་པའི་ཕྱིར་ཏེ། གང་ཟག་ཡོད་པའི་ཕྱིར། ཁྱབ་སྟེ་དེ་གསུམ་དོན་གཅིག་མིང་གི་རྣམས་གྲངས་ཙམ་ཡིན་པའི་ཕྱིར་ཟེར་བ་ལ། སྦྱོར་ལུགས་སྐྱོན་ཅན་ནམ་ཞེ་འདོད་ལ་མ་བསྙེགས་པའི་རྩོད་པ་ཞེས་པའི་ལན་དེ་བཏབས་ནས། ཇི་ལྟར་ཞེ་འདོད་ལ་མ་བསྙེགས་ན་། སྤྱིར་བདག་མེད་ཅེས་དང་། གཞི་གྲུབ་ན་བདག་མེད་ཡིན་པས་ཁྱབ་ཅེས་པའི་བདག་དེ་གང་ཟག་གི་བདག་ལ་གོ་ཞིང་། གང་ ཟག་དང་དོན་གཅིག་པའི་བདག་དེ་ང་ཙམ་དུ་གོ་དགོས་པ་སྔ་རྒོལ་གྱི་ཞེ་འདོད་ཡིན་ན་ ཁྱེད་ཀྱིས་དེ་ལ་མི་བསྙེགས་པར་ཚིག་ཙམ་ལ་འཁྲི་བའི་སྦྱོར་བ་བཀོད་པས་སོ་ཞེས་དེ་ འདྲའི་ལན་གྱི་ཚུལ་ཞིག་འབྲས་བློ་གླིང་བསྡུས་རྭ་བ་རྣམས་ཀྱི་ཞལ་ལ་ཡང་བྱང་བྱང་ དུ་འདུག་གོ། འོ་ན་ངས་ཀྱང་ཚུལ་དེ་དང་མཐུན་པར་ཁྱེད་ཀྱི་ཐལ་འགྱུར་དེ་ལ་སྦྱོར་ལུགས་སྐྱོན་ཅན་ནམ་ཞེ་འདོད་ལ་མ་བསྙེགས་པ་ཞེས་པའི་ལན་དེ་བཏབ་འོང་ན་ཇི་ལྟར་མཛད། ཅི་སྟེ་ཚིག་སྐྱོན་ཙམ་ཡང་མེད་པའི་ལན་ཞིག་མ་བྱུང་ཕྱིན་ཚར་གཅད་ཀྱི་གནས་སུ་མཛད་རྩིས་ཡོད་ན་ནི། འོ་ན་ཁྱེད་ཀྱང་རྟོག་གེའི་ནང་གི་རྟོག་རྒོད་བསྡུས་པ་བ་ལས་ཀྱང་ལོད་པ་དང་། ཚིག་སྐྱོན་གཏོང་ལ་དགའ་པའི་དགེ་ལུགས་པ་ཞིག་ཏུ་གྱུར་སོང་བ་མ་ཡིན་ནམ། ང་བདག་མ་གྲུབ་ཀྱང་སྨྲ་བ་དང་སྨྲ་པོའི་རྣམ་བཞག་མི་འགལ་བའི་ཚུལ་རྒྱུ་མའི་དཔེ་བཅུ་གཉིས་ཀྱི་སྒོ་ནས་ཇི་སྐད་གསུངས་པའི་སྣང་སྟོང་ཟབ་མོའི་གོ་ཚུལ་བཅས་ཐུན་མིན་ཐལ་འགྱུར་ལྟར་གྱི་ལན་དངོས་ནི་འོག་ནས་འཆད་པར་འདོད་པས་འདིར་མི་སྤྲོའོ།།
<ཐ་སྙད་ཚད་མས་མ་གྲུབ་པ་དང་ སྤྲོས་བྲལ་མི་འཐད་པའི་རྩོད་སྤོང་།> ཡང་ཁོང་གིས། ངའོ་སྙམ་པའི་བློ་དེ་ངར་འཛིན་དང་། སེམས་ཅན་ནོ་སྙམ་པའི་བློ་དེ་བདག་འཛིན་ཡིན་ན་ངར་འཛིན་ཟད་པའི་འཕགས་པ་ཚོས་མི་ངོ་རང་ ངོ་མི་ཕྱེད་པར་ཐལ་བ་སོགས་ཐོག་ལྟར་ཚ་བའི་ཉེས་སྐྱོན་མང་པོ་ཞིག་གཞན་གྱིས་བཏང་ཡོད་ལ། དེ་དག་སྔ་རབས་པའི་མཁས་པ་སུས་ཀྱང་སྐྱོན་སྤོང་ ཤེས་མེད་ཅིང་།མ་ཤེས་པ་དེའང་ཁོང་རྣམས་ཚོ་ཤེས་རྒྱ་ཆུང་བའི་དབང་གིས་ཕོ་མ་བྱས་ པ་མིན་པར་གནད་ལ་ཁེལ་བའི་དབང་གིས་བྱ་ཐབས་ཟད་པ་ཡིན་ནོ་ཟེར་བ་ནི་། མདུན་ གྱི་སྕགས་གོང་དམར་འབར་བ་ཞིག་ལ་བལྟས་ནས་།དམར་འབར་བ་དང་བསྲེགས་པའི་བདག་ཉིད་ཅན་ འདི་ལྕགས་གོང་ཡིན་ན་གྲང་རེག་གིས་ཁྱབ་པའི་གཞི་ལ་་གོང་བུ་འདི་གཏན་ཡོད་མི་ སྲིད་པ་དང་།ཚོར་བས་ཟིན་པའི་གསོན་ལུས་སུས་ཀྱང་འདི་ལ་ཐུག་རེག་གི་བྱ་བ་མི་ བྱེད་པར་ཐལ་ལོ་ཞེས་པ་ལྟ་བུའི་ཐལ་འགྱུར་ངོ་མཚར་ཅན་ཞིག་ཏུ་སོང་མི་འདུག་གམ། དཔེ་དེས་ཅི་ཞིག་བསྟན་ན། སོ་སྐྱེ་རང་ག་བའི་རྒྱུད་ཀྱི་ངའོ་སྙམས་པའི་བློ་གང་ཡིན་ངར་འཛིན་ཡིན་རུང་མོད། འཕགས་རྒྱུད་ལ་དེས་མ་ཁྱབ་སྟེ་སོ་སྐྱེའི་རྒྱུད་ཀྱི་ངར་འཛིན་དེ་རྫས་འཛིན་རྟོག་པ་ཡིན་པ་ལ། འཕགས་རྒྱུད་ལ་དེ་གནས་གྱུར་ནས་གང་ཟག་བཏགས་འཛིན་རྟོག་པར་གྱུར་སོང་བའི་ཕྱིར། དཔེར་ན་མདུན་གྱི་ལྕགས་གོང་ལ་དམར་འབར་བས་ཁྱབ་ཀྱང་གནས་དུས་གཞན་དུ་དེར་མ་ངེས་པ་བཞིན་ནོ། དེ་ ཡང་གསལ་ཙམ་ཞུ་ན་།བུམ་འཛིན་རྟོག་པ་ལྟ་བུ་བློ་གཅིག་ལ་།བུམ་པར་འཛིན་པ་དང་།རང་ ངོས་ནས་གྲུབ་པར་འཛིན་པ་།རྟག་པར་འཛིན་པ་ལྟ་བུའི་ཆ་ཤས་དུ༌མར་དབྱེར་རུང་མོད་ རང་མཚན་གྱི་ཆ་ནས་བསམ་ན་བློ་གཅིག་དང་འཛིན་སྟངས་མངོན་གྱུར་བ་གཅིག་ལས་མེད་པའི་ རྐྱེན་གྱིས་དབྱེ་འབྱེད་བྱེད་དཀའ་བར་གྱུར་སོང་བ་རེད། དེ་འདྲ་ཡིན་པའི་རྐྱེན་གྱིས་ཐལ་འགྱུར་བའི་ལུགས་ལ་བདེན་འཛིན་དང་ཚད་མའི་གཞི་མཐུན་ཁས་ལེན་ནུས་པ་ཡིན་ནོ། འདི་འདྲའི་གོ་བ་ཞིག་འཆར་ཚེ། གཞི་ནས་རྗེ་ཡིས་རང་ངོས་ནས་གྲུབ་པར་འཛིན་པ་དང་ཡོད་པ་ཙམ་དུ་འཛིན་ པའི་ཁྱད་པར་སྟོང་ཉིད་མ་རྟོགས་པ་དང་འཕགས་ས་མ་ཐོབ་པས་འབྱེད་དཀའ་བར་གསུངས་པ་ལ་ གོ་རྒྱུ་ཞིག་དང་འབབ་ས་ཞིག་རྙེད་པར་འགྱུར་གྱི་གཞན་དུ་ན་དཀའ་བར་སེམས་སོ།། ཤེས་བྱ་ཆོས་ཅན་།བདེན་འཛིན་ལ་ཚད་མས་ཁྱབ་པར་ཐལ་།འདོད་པའི་ཕྱིར་ན་ཡང་མ་ཁྱབ་སྟེ་། བུམ་པ་བདེན་པར་གྲུབ་བོ།རང་ངོས་ནས་གྲུབ་བོ་སྙམ་པ་ལྟ་བུ་བདེན་གྲུབ་ཀྱི་འཛིན་སྟངས་ དངོས་སུ་ཡོད་པའི་བདེན་འཛིན་ཀུན་བཏགས་ཀྱི་རིགས་ནི་མཐའ་གཅིག་ཏུ་ལོག་ཤེས་ཡིན་དགོས་པའི་ཕྱིར་རོ། བུམ་འཛིན་རྟོག་པ་ཆོས་ཅན་།ལོག་ ཤེས་ཡིན་པར་ཐལ་།བདེན་འཛིན་ཡིན་པའི་ཕྱིར་ན་ཡང་མ་ཁྱབ་།ཁྱབ་པ་ཡོད་པར་ཐལ་།ཁྱོད་ དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་སོང་བའི་བློ་དོན་མཐུན་ ཡོད་པའི་ཕྱིར་ན་མ་གྲུབ་། དེར་ཐལ་། བུམ་པ་བདེན་མེད་རྟོགས་པའི་བློ་དེས་བུམ་པ་བདེན་པར་འཛིན་པའི་སྒྲོ་འདོགས་གཅོད་པའི་ཕྱིར་ན་ཡང་མ་ཁྱབ་བོ།། བུམ་པ་བདེན་མེད་དུ་རྟོགས་པའི་བློ་ཆོས་ཅན། ཁྱོད་ལ་བསལ་བྱའི་སྒྲོ་འདོགས་མེད་པར་ཐལ་། འདོད་པའི་ཕྱིར་ན་ཡང་མ་ཁྱབ་སྟེ་། བུམ་པ་བདེན་པར་གྲུབ་བོ་སྙམ་དུ་འཛིན་པའི་བདེན་འཛིན་ཀུན་བཏགས་དེ་དེ་འདྲའི་ཁྱོད་ཀྱི་དངོས་སུ་བསལ་བྱའི་སྒྲོ་འདོགས་ཡིན་པའི་ཕྱིར། བུམ་འཛིན་རྟོག་པ་ལ་ཡང་བསལ་བྱའི་སྒྲོ་འདོགས་ཀྱི་ཆ་ཙམ་ཡོད་མོད་དངོས་སུ་དེ་མ་ཡིན་པས་སྐྱོན་མེད་དེ་། ཀུན་བཏགས་ལ་དངོས་སུ་སྒྲོ་འདོགས་བཅད་པས་ལྷན་སྐྱེས་ཀྱི་སྒྲོ་འདོགས་ཤུགས་ལ་ཆོད་པ་གཞུང་ལུགས་ཁག་གི་དགོངས་པ་ཡིན་འདུག་པའི་ཕྱིར་རོ་། དེ་ བས་སོ་སྐྱེའི་སར་བུམ་འཛིན་དང་བདེན་འཛིན་དབྱེ་དཀའ་བ་དམར་འབར་བ་དང་ལྕགས་གོང་ ངམ་འོ་མ་དང་ཆུ་བཞིན་གནས་པ་ནམ་ཞིག་སྟོང་ཉིད་རྟོགས་པའི་ངང་མོས་བདེན་པར་འཛིན་ པའི་འོ་མ་ལྷག་མེད་དུ་བཏུང་བ་ན་བུམ་པར་འཛིན་པའི་ཆུ་ཙམ་ཞིག་ཤུལ་དུ་ལུས་པ་ལ་ བུམ་པ་བཏགས་པར་འཛིན་པའི་རྟོག་པ་ཟེར་ཞིང་། དེ་ང་དང་གང་ཟག་ལ་མཚུངས་ཤིང་འཕགས་རྒྱུད་ལ་ཡང་དེ་ཡོད་པ་མི་འགལ་བས་རྗེས་ཐོབ་སྒྱུ་མ་ལྟ་བུ་ཟེར་བཞིན་འདུག་ན། འཕགས་པས་མི་ངོ་རང་ངོ་མི་ཕྱེད་པར་འགྱུར་བའི་སེམས་ཁྲལ་དེ་འདྲ་མ་གནང་རོགས་ཅེས་ཞུ་བ་ཡིན།དེ་ཡང་མཁས་དབང་སངྒས་གསེར་དང་ས་རྡོ་རྩི་ཤིང་སོགས་ཁྱད་མ་ཕྱེ་པར་ཅིག་ཅར་དུ་མེ་ལ་བསྲེག་ན་ཚིག་པ་རྣམས་ནི་ཚིག མ་ཚིག་པ་རྣམས་ནི་ཤུལ་དུ་ལུས་པ་ལྟར་རིགས་ཤེས་ཀྱི་སྣང་བ་ཐམས་ཅད་ཁྱད་མ་ཕྱེ་བར་ བཀག་ཀྱང་སྒྱུ་མའི་དངོས་པོ་ཤུལ་དུ་ལུས་རྒྱུ་ཞིག་ཡོད་པ་ལུས་ནས་སྡོད་ངེས་ཀྱི་ཞེས་སོགས་གསུངས་པ་དང་ཚུལ་མཚུངས་སོ། མགོན་པོ་ཀླུས་ཀྱང་། ཇི་ལྟར་འོ་མ་དང་འདྲེས་ཆུ། སྣོད་གཅིག་ལ་ནི་གནས་པ་ལས། ངང་པས་འོ་མ་འཐུང་བྱེད་ཅིང་། ཆུ་ནི་འཐུང་བ་མ་ཡིན་ལྟར། དེ་བཞིན་རང་གི་ཉོན་མོངས་དང་། ཡེ་ཤེས་ལུས་ལ་གཅིག་གནས་ཀྱང་། རྣལ་འབྱོར་པས་ནི་ཡེ་ཤེས་ལེན། མི་ཤེས་པ་རྣམས་འདོར་བར་བྱེད། ཅེས་གསུངས། ཅིས་ཀྱང་རང་ཡུལ་ འཛིན་པའི་རྟོག་པ་ལ་བདེན་འཛིན་གྱིས་ཁྱབ་དགོས་ན་ནི་རྨི་ལམ་གྱི་རྟ་གླང་འཛིན་པའི་ཉིན་མོའི་ཤེས་པ་དང་ནི་མིའི་གཟུགས་བརྙན་འཛིན་པའི་ རྟོག་པ་དེས་རང་ཡུལ་སྣང་བ་ལྟར་དུ་བདེན་པར་འཛིན་དགོས་པར་ཡང་མི་ཐལ་ལམ།

སོ་སྐྱེའི་བུམ་འཛིན་ལྷན་སྐྱེས་བདེན་འཛིན་ཏེ་།

དེ་ལ་ཐ་སྙད་ཚད་མའི་དཔལ་གྱིས་འཁྱུད་།

བུམ་པ་བདེན་པར་གྲུབ་སྙམ་ཀུན་བརྟགས་སྟེ།

དེ་ནི་ལོག་པར་ཤེས་པའི་སྒྲོགས་དང་བཅས།
ཐ་སྙད་ཚད་མས་མ་གྲུབ་པ་དང་ སྤྲོས་བྲལ་མི་འཐད་པའི་རྩོད་སྤོང་། ཆོསཀྱི་བདག་མེད་སྐོར་ལ་ཁོང་གིས་དེ་ལྟར་བརྟགས་དཔྱད་བྱས་ན་དཔྱད་བཟོད་ཀྱི་ཆོས་སྣ་ གཅིག་མེད་པས་སྣང་བ་ཡོད་ཚད་གཞི་མེད་ཀྱི་འཁྲུལ་སྣང་རྐྱང་རྐྱང་དུ་ཁས་ལེན་པ་ ཡིན་ཟེར། དེང་སང་ཀུན་གྱི་ཁ་ན་རྒྱུ་བའི་ཐ་སྙད་ཚད་མས་མ་གྲུབ་ཟེར་དོན་འདི་རེད། འོ་ ན་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་དོན༌དམ་བདེན་པ་ཡང་མེད་དམ་ཞེས་དྲིས་ན་མེད་ ཅེས་སྨྲ་མ་ནུས་ཤིང་ཡོད་ཅེས་ཀྱང་ཟེར་མ་ཤེས་པས་ཡོད་པའང་མ་ཡིན་མེད་པའང་མ་ཡིན་ ཟེར། ཡོད་མེད་གཉིས་ཕུང་གསུམ་སེལ་བའི་དངོས་འགལ་མིན་ནམ་ཅེས་དྲིས་པ་ན་ང་ཚོའི་བློ་ངོར་དངོས་འགལ་ཡིན་ཡང་དོན་ལ་དེ་ལྟར་ཡིན་པ་མ་ངེས་ཟེར། ཡོད་མེད་གང་ཡང་མིན་པའི་གནས་ལུགས་དེ་ཤེས་རྒྱུ་ཡོད་དམ་མེད་ཅེས་དྲིས་པ་ན། དེ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པས་ཤེས་རྒྱུ་ཡོད་པའང་མ་ཡིན་ཤེས་རྒྱུ་མེད་པའང་ཁས་མི་ལེན་ཟེར། དེང་སང་ཡོངས་གྲགས་ཀྱི་ཁས་ལེན་མེད་པའི་གྲུབ་མཐའ་ཟེར་བའང་འདི་རེད། ཐ་སྙད་ཚད་མས་མ་གྲུབ་པའི་དམ་བཅའ་དང་ཁས་ལེན་མེད་པའི་གྲུབ་མཐའ་འདི་གཉིས་ལ་ཞིབ་ཏུ་བསམ་ན་དངོས་གནས་དགོད་ཤོར་འོང་བར་འདུག་སོགས་གསུངས། ཁོ་ བོས་དེ་འདྲའི་སྐྱོན་སྤོང་གནང་མཁན་སྔ་རབས་པའི་ཡིག་ཆ་ཞིག་དངོས་སུ་མཐོང་མ་ མྱོང་ན་ཡང་།ཁྱེད་ལ་དེ་འདྲའི་སྐྱོན་སྤོང་བྱེད་མཁན་སྔ་རབས་པའི་ཕྱོགས་འཛིན་ དེང་དུས་ཀྱི་དཔེ་ཆ་བ་ཞིག་ཐུག་ཡོད་ངེས་རེད། སྤྱིར་ན་སྔ་རབས་པའི་ཕྱོགས་འཛིན་ནམ་སྤྲོས་བྲལ་སྨྲ་བའི་མཁས་པ་རྣམས་ལ་ཡང་སོ་སོར་ཐུན་ མིན་གྱི་འཛིན་མཚམས་དང་ལན་གྱི་རྣམ་པ་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས་ཐམས་ཅད་གླུ་ བརྒྱ་ངག་གཅིག་ཏུ་སོང་མེད་པ་ནི་དཔེར་ན། ཀུན་མཁྱེན་མི་བསྐྱོད་ཞབས་ཀྱིས། འདིར་ དོན་དམ་འཕགས་པའི་ཡེ་ཤེས་ཀྱིས་ཡུལ་དུ་བྱས་པར་བཤད་པ་དང་མདོ་དང་བསྟན་བཅོས་གཞན་ དག་ལས་དོན་དམ་བློ་ཡི་སྤྱོད་ཡུལ་མིན་པར་བཤད་པ་གཉིས་མི་འགལ་ཏེ། འདིར་ རྣམ་བཅད་དུ་འགའ་ཡང་མ་མཐོང་བ་ལ་ཅིར་ཡང་མ་གཟིགས་པའི་ཚུལ་གྱིས་ཡེ་ཤེས་ཀྱིས་ གཟིགས་པ་ཡིན་ལ་གཞན་དུ་ཡོངས་གཅོད་དུ་ཤེས་པ་དང་ཤེས་བྱའི་ཚུལ་གྱིས་རྣམ་ཤེསཀྱིས་མ་མཐོང་བ་ཡིན་པའི་ཕྱིར་རོ། ཞེས་གསུངས་ཤིང་།དེ་ དང་ཚུལ་མཐུན་པར་འཇམ་མགོན་མི་ཕམ་པས་ཀྱང་།རྣམས་གྲངས་མིན་པའི་དོན་དམ་བདེན་པ་ དེ་ཡོངས་གཅོད་ཀྱི་ཤེས་བྱ་མིན་ཀྱང་རྣམ་གཅོད་ཀྱི་ཤེས་བྱ་ཡིན།ཅེས་དང་ཐ་སྙད་ཚད་ མའང་ཞལ་གྱིས་བཞེས་པར་མཛད་དེ། དབུ་མ་རྒྱན་གྱི་རྣམ་བཤད་ལས། ཚུལ་གཉིས་ཤིང་རྟའི་ཁ་ལོ་ནི།། རིགས་པའི་སྲབ་སྐྱོག་འཇུ་བྱེད་པ། དེ་དག་དེ་ཕྱིར་ཇི་བཞིན་དོན་། ཐེག་པ་ཆེན་པོ་པ་ཉིད་འཐོབ། ། ཞེས་སོགས་ཇི་སྐད་འབྱུང་བ་བཞིན་དང་། ཀུན་མཁྱེན་གོ་རམས་པས་ཀྱང་། བདེན་གཉིས་ཀྱི་དབྱེ་གཞི་གསུང་རབ་ཀྱི་བརྗོད་བྱར་བཞེད། དེ་ལྟ་ན་ཡང་དོན་དམ་བདེན་པ་ཤེས་བྱའམ་རྟོགས་བྱར་མི་བཞེད་པ་མིན་ཏེ་། ངེས་དོན་རབ་གསལ་ལས། ཤེས་བྱ་ཙམ་དབྱེ་གཞིར་བྱས་ནའང་འགལ་བ་མེད་དེ། ཡབ་སྲས་མཇལ་བའི་མདོ་ལས། ཤེས་པར་བྱ་བའང་འདིར་ཟད་དེ། ཀུན་རྫོབ་དང་དོན་དམ་པའི་བདེན་པའོ། ཞེས་གསུངས་པས་སོ། ཞེས་འབྱུང་བ་བཞིན་ནོ། འོ་ན། དོན་དམ་བདེན་པ་ཆོས་ཅན་། ཡིན་མིན་གྱི་མཐའ་ལས་མ་འདས་པར་ཐལ་།ཡིན་པའི་མཐའ་ལས་མ་འདས་པའི་ཕྱིར་།དེར་ཐལ་། ཤེས་བྱ་ཡིན་པའི་ཕྱིར་།ཟེར་ན་མ་ཁྱབ། ཁྱབ་པར་ཐལ་།ཡོད་པ་ཡིན་ན་ཡོད་པའི་མཐའ་ལས་མ་འདས་དགོས་པ་གང་ཞིག་མཚུངས་པའི་ཕྱིར་ན་དང་པོ་མ་གྲུབ། འོ་ན་འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན་།ཡོད་མེད་ཀྱི་མཐའ་ལས་འདས་པའི་སྤྲོས་བྲལ་དུ་ཐལ་།ཡོད་པ་ཡིན་ན་ཡོད་པའི་མཐའ་ཡིན་མི་དགོས་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར་ཟེར་ན་ ཡང་མ་ཁྱབ་སྟེ། དོན་དམ་བདེན་པ་རྣམ་གཅོད་ཙམ་གྱི་ཆ་ནས་ཤེས་བྱ་དང་ཡོད་པ་སོགས་སུ་འཇོག་པ་གང་ཞིག མཁའ་སོགས་ཡོངས་གཅོད་དུ་ཡང་དེར་གྲུབ་པའི་ཕྱིར།འདིར་ཡོངས་གཅོད་དུ་གྲུབ་པའི་དོན་སྒྲ་རྟོག་རང་མཚན་པའི་དངོས་ཡུལ་དུ་གྱུར་པ་ལ་གོ་དགོས། དེ་ལྟར་ཡང་འཇམ་མགོན་པད་མ་རྣམ་རྒྱལ་གྱི་ཞལ་ནས། རྣམ་གཅོད་ལྟ་བའི་རླུང་གིས་མ་བསལ་ཞིང་།། ཡོངས་གཅོད་སྒོམ་པའི་ཞགས་པས་མ་བསྡོམ་པར།། མཐར་འཛིན་རྔོན་པས་དབེན་པའི་རི་སྟོང་དུ།། བྱར་མེད་རི་དྭགས་རྩེད་འཇོ་ལེན་པར་ཤོག། ཅེས་གསུངས། འདི་ ནི་སྤྲོས་བྲལ་དོན་དམ་བདེན་པར་རྟོག་གེའི་རིགས་ལམ་དང་མཚུངས་པའི་འཛིན་མཚམས་ བྱས་པ་ཡིན་ཅིང་དོན་ལ་ཡང་འགལ་བ་མེད་མོད་སྔ་རབས་པ་ཁ་ཅིག་ནི་།མདོ་ལས། ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ།  གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ།  དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤང་ཏེ། མཁས་པ་དབུས་ན་གནས་པར་ཡོང་མི་བྱེད། དང་།   ཡོད་ཅེས་བྱ་བ་རྟག་པར་འཛིན།  མེད་ཅེས་བྱ་བ་ཆད་པར་ལྟ།  དེ་ཕྱིར་ཡོད་དང་མེད་པ་ལ།  མཁས་པས་གནས་པར་མི་བྱའོ།  ཞེས་དང་། ཇི་སྐད་དུ་། ཡོད་མིན་མེད་མིན་ཡོད་མེད་མིན།། གཉིས་ཀའི་བདག་ཉིད་ཀྱང་མིན་པ།། མཐའ་བཞི་དག་དང་བྲལ་བ་ལ།། མཁས་རྣམས་དབུ་མ་པ་ཞེས་བརྗོད།། ཅེས་དང་།གལ་ཏེ་ངས་དམ་བཅས་འགའ་ཡོད། དེས་ན་ང་ལ་སྐྱོན་དེ་ཡོད། ང་ལ་ཁས་ལེན་མེད་པས་ན། ང་ནི་སྐྱོན་མེད་ཁོ་ན་ཡིིན། ཅེས་ སོགས་མདོ་དང་བསྟན་བཅོས་ཀྱི་དགོངས་པ་སྒྲ་ཇི་བཞིན་དུ་ཁས་ལེན་པ་ལྟར་ན་མདོར་ བསྡུས་ཏེ་གཞན་གྱིས་ཐལ་འགྱུར་གང་བཀོད་ཀྱང་ཁས་ལེན་མེད་ཅེས་པའི་ལན་ཁོ་ན་བྱ་སྟེ། ཀླུ་སྒྲུབ་དགོངས་རྒྱན་ལས། དེང་སང་གི་ཆོས་གྲྭའི་རྟགས་གསལ་དཀྱུས་མའི་གནོད་པ་ཙམ་ལ་འཇིགས་ན་ནི་ལན་གཞན་གང་ཡང་མི་དགོས་ཀྱི། ཐལ་བ་གང་ཡིན་ལ་ཁས་ལེན་མེད་ཅེས་པའི་ལན་འདི་ཙམ་གྱིས་ཀྱང་ཀྱལ་ཀ་རྩེད་མོའི་ཚུལ་དུ་བཟློག་པར་ནུས་སོ་ཅེས་པ་ལྟར་རོ། འོན་ཏེ། དེ་ཙམ་གྱིས་རྒོལ་བའི་འདོད་པ་མ་ཁེངས་ཤིང་ཕྱོགས་སྔ་མས་ཀྱང་ཅི་སྟེ་ལན་གྱི་སྤྲོས་པ་རེ་བྱ་བར་འདོད་ན་ནི་།དོན་དམ་བདེན་པ་དེ་ཤེས་བྱ་དང་ཡོད་པ་སོགས་ཡིན་མིན་ཐམས་ཅད་དང་བྲལ་དགོས་པས་དེ་ལྟར་ན་རྒོལ་བས། སྤྲོས་བྲལ་ཆོས་ཅན་།ཡོད་པ་ཡིན་པར་ཐལ།ཤེས་བྱ་ཡིན་པའི་ཕྱིར་ཟེར་ན། མ་གྲུབ། དེ་ཆོས་ཅན་།ཤེས་བྱ་ཡིན་པར་ཐལ།བློ་ཡི་ཡུལ་དུ་བྱར་རུང་བ་ཡིན་པའི་ཕྱིར་ཟེར་ན་ཡང་མ་གྲུབ། དེར་ཐལ།ཁྱོད་རྟོགས་པའི་བློ་ཡོད་པའི་ཕྱིར་ཟེར་ན་། མ་ཁྱབ་ཟེར་དགོས་སམ་སྙམ། མ་གྲུབ་ཟེར་ན་ནི་དོན་དམ་བདེན་པ་ཆོས་ཅན་།ཁྱོད་རྟོགས་པའི་བློ་ཡོད་པར་ཐལ་།འཕགས་པའི་མཉམ་བཞག་ཡེ་ཤེས་དེ་དེ་ཡིན་པའི་ཕྱིར། ཞེས༌ཟེར་འོང་བ་ཤེས་སླ།དོན་དམ་བདེན་པ་ཆོས་ཅན་།ཡིན་མིན་གྱི་མཐའ་ཐམས་ཅད་དང་མ་བྲལ་བར་ཐལ་།ཡིན་པའི་མཐའ་དང་མ་བྲལ་བའི་ཕྱིར་ཏེ་། སྤྲོས་བྲལ་ཡིན་པའི་ཕྱིར་ཟེར་ན་།འགའ་ཁྱབ་བམ་ཡང་ན་སྦྱོར་ཚུལ་སྐྱོན་ཅན་ཞེས་པའི་ལན་དེ་བྱ་།དེ་ཆོས་ཅན་།སྤྲོས་བྲལ་མ་ཡིན་པར་ཐལ།སྤྲོས་བྲལ་ཡིན་མིན་གྱི་མཐའ་ལས་འདས་པའི་ཕྱིར་སོགས་ཟེར་ན་ཡང་།ལན་དེ་གཉིས་གང་འཐད་བརྟགས། ཡང་དེ་ཆོས་ཅན་། ཡིན་མིན་གྱི་མཐའ་དང་མ་བྲལ་བར་ཐལ་།སྤྲོས་བྲལ་རྟོགས་པའི་བློ་ཡོད་པ་ཡིན་པའི་ཕྱིར་ཟེར་ན་།འོ་ན།འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན་།མི་རྟག་པ་ཡིན་པར་ཐལ་།སྒྲ་མི་རྟག་པ་ཡིན་པའི་ཕྱིར་ན་ཁྱབ་པ་མཚུངས་སོ། སྤྲོས་བྲལ་ཆོས་ཅན། ཡུལ་ཡིན་པར་ཐལ་ཏེ། བློས་རིག་པར་བྱ་བ་ཡིན་པའི་ཕྱིར་ཟེར་ན། མ་གྲུབ། དེར་ཐལ། བློས་རིག་པའི་ཕྱིར་སྟེ། བློས་རྟོགས་པའི་ཕྱིར་ན། རྩ་བར་མ་ཁྱབ་སྟེ། དེ་ལྟ་ན། གང་ཟག་ཆོས་ཅན། མིག་ཤེས་ཀྱིས་གཟུང་བྱ་ཡིན་པར་ཐལ་སྟེ། ཁྱོད་མིག་ཤེས་ཀྱིས་གཟུང་བའི་ཕྱིར་ཏེ། དེའི་གཟུང་ཡུལ་ཡིན་པའི་ཕྱིར་ན། མཚུངས་སོ། །ཡང་དོན་དམ་བདེན་པ་ཆོས་ཅན་། ཁྱོད་བློ་ཡི་ཡུལ་དུ་བྱ་རུང་ཡིན་པར་ཐལ། ཁྱོད་བློ་ཡི་ཡུལ་དུ་བྱས་པའི་ཕྱིར་ཏེ། བློས་ཁྱོད་རྟོགས་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། ཅི་ཡང་མ་མཐོང་བ་དང་འགར་ཡང་མ་གཟིགས་པ་ཙམ་ཞིག་ལ། མཐོང་བ་དང་རྟོགས་པའི་ཐ་སྙད་བྱས་པའི་ཕྱིར་ཏེ་། མདོ་ལས་།ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ།། ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟགས་པར་གྱིས།། དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན།། མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན།། ཅེས་དང་། བརྗོད་པར་བྱ་བ་བཟློག་པ་སྟེ། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། མ་སྐྱེས་པ་དང་མ་འགག་པ། ཆོས་ཉིད་མྱ་ངན་འདས་དང་མཚུངས། ཞེས་པ་བཞིན་ནོ་།ཡང་མ་ཁྱབ་མཚམས་སུ། སྒྲ་ཆོས་ཅན། མིག་ཤེས་ཀྱི་ཡུལ་དུ་བྱ་རུང་ཡིན་པར་ཐལ། མིག་ཤེས་ཀྱིས་ཁྱོད་ཡུལ་དུ་བྱས་པའི་ཕྱིར་སྟེ། ཁྱོད་རྟོགས་པའི་མིག་ཤེས་ཡོད་པའི་ཕྱིར་ན། ཁྱབ་པ་མཚུངས་སོ། ཡང་ན་ནི་ཁྱོད་རྟོགས་པའི་བློ་ཡོད་པ་མ་གྲུབ་ཅེས་ལན་བཏབ་ནས་མཉམ་བཞག་ཡེ་ཤེས་བློ་ཡིན་པ་ཕུད་དགོས་པ་སྟེ། གང་བདེ་བརྟགས་པར་བྱོས་ཤིག།སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།ཞེས་སོགས་ཀྱི་ལུང་ལ་བརྟེན་ནས། སྤྲོས་བྲལ་ཆོས་ཅན་། བློ་ཡི་ཡུལ་ཡིན་པར་ཐལ་སོགས་ཟེར་ན་།སྤྱོད་ཡུལ་ཟེར་པ་ཙམ་གྱིས་་ཡུལ་ཡིན་མི་དགོས་པ་དང་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་དེ་བས་ཀྱང་མི་དགོས་པ་མཁྱེན་འཚལ། ཡོད་མེད་གཉིས་ཆོས་ཅན་། དངོས་འགལ་མ་ཡིན་པར་ཐལ། དེ་གཉིས་གང་ཡང་མིན་པའི་ཕུང་གསུམ་ཞིག་ཡོད་པའི་ཕྱིར་ཏེ། དོན་དམ་བདེན་པ་དེ་དེ་ཡིན་པའི་ཕྱིར་ཟེར་ན་། ཆོས་ཅན་སྐྱོན་ཅན་ནམ་ཡང་ན་དམིགས་བསལ་ཞེས་པའི་ལན་དེ་འདེབས་དགོས་སོ། དེ་ལྟར་ཡང་ཀླུ་སྒྲུབ་དགོས་རྒྱན་ལས། ཆོས་གྲྭའི་རིགས་ལམ་གྱི་དབང་དུ་བྱས་ཚེ་རི་རབ་དཔག་ཚད་བརྒྱད་ཁྲིའི་ཚད་དང་ལྡན་པར་ཐལ་བྱས་པ་ལ་འདོད། ཕྲ་རབ་ཕྱོགས་དང་བྲལ་བར་ཐལ། བྱ་བ་ལའང་འདོད། འོ་ན། རྡུལ་ གཅིག་སྟེང་ན་མཐའ་གཏུག་འཇིག་རྟེན་གྱི།སོགས་ཕྲ་རབ་ཇི་སྙེད་ཀྱི་གྲངས་དང་མཉམ་ པའི་འཇིག་རྟེན་འཇུག་པར་མཛད་པ་མ་ཡིན་པར་ཐལ།དཔག་ཚད་བརྒྱད་ཁྲིའི་ཚད་ལྡན་གྱི་ གཟུགས་ཕྱོགས་ཆ་བྲལ་བའི་རྡུལ་གྱི་ཁོངས་སུ་མི་ཤོང་བའི་ཕྱིར་།ཞེས་ཐལ་བ་འཕངས་ ཚེ། དེའི་ལན་ད་ལྟ་ཡོངས་གྲགས་དམིགས་བསལ་བྱ་བ་དེ་ཡིན་།འདི་འདྲ་དམིག་བསལ་དུ་བྱ་ཆོག་ན། ཡོད་པ་མ་ཡིན་པ་མ་ཡིན་ན་མེད་པ་ཡིན་པར་ཐལ། དགག་ པ་གཉིས་ཀྱི་རྣལ་མ་གོ་བའི་ཕྱིར་།སོགས་ཀྱི་རིགས་པ་ལའང་དམིགས་བསལ་གྱི་ལན་བཏབ་ ན་མི་འགྲིག་པའི་རྒྱུ་མཚན་ཅི་ཡོད་ཅེས་སོགས་གསུངས་པ་བཞིན་ནོ། ཆོས་ཅན་སྐྱོན་ཅན་དུ་སོང་ཚུལ་་ནི། ཡོད་མེད་ལས་འདས་པའི་སྟོང་ཉིད་ཀྱི་དོན་འཆད་སྐབས། ཞེ་འདོད་ལ་མ་བསྙེགས་པའི་ཆོས་ཅན་གཉིས་མགོ་ཁྱེར་ཡོང་བས་ཡིན། ང་ཐ་སྙད་ཚད་མས་གྲུབ་ན་ཐ་སྙད་པའི་ཆོས་ཀྱི་བྱེ་བྲག་ཁོའི་བློ་དེའང་ཚད་མས་མ་གྲུབ་དགོས་པས་དེས་ཐ་སྙད་ཚད་མས་མ་གྲུབ་པ་ཇི་ལྟར་ཤེས་པ་ཡིན་ནམ། < སྣང་བ་ཡོད་ཚད་འཁྲུལ་སྣང་དུ་ འདོད་པ་མི་རིགས་པའི་རྩོད་སྤོང་།   />སྣང་བ་ཡོད་ཚད་གཏད་སོ་མེད་པའི་འཁྲུལ་སྣང་ཡིན་ན་ཡོད་ཚད་འཁྲུལ་སྣང་དུ་ཐག་གཅོད་ བྱེད་པའི་བློ་དེ་ཡང་འཁྲུལ་བློ་ཡིན་དགོས་པས་དེས་ཐག་གང་བཅད་ལའང་གཏད་སོ་ཅི་ཞིག་ཡོད་ཅེས་རྒོལ་བར་བརྩམས་པ་ལ་། ཁོ་བོས་དབུ་མ་སྔ་རབས་པ་ ཡིན་ན་ཐ་སྙད་ཚད་མ་ཞལ་གྱིས་མི་བཞེས་པ་མ་ངེས་ཞེས་མཚན་གཞི་བཅས་ཞུས་ཟིན་ཅིང་རང་ ངོས་ནས་ཀྱང་ནམ་རྒྱུན་ཐ་སྙད་ཚད་མ་ཙམ་ཞིག་ཁས་ལེན་བཞིན་ཡོད་པས་དེ་འདྲའི་ལན་ གྱི་ངལ་བ་མ་དགོས་སོ། སྣང་བ་ཡོད་ཚད་འཁྲུལ་སྣང་ཡིན་པའི་དབང་དུ་བཏང་རུང་འཁྲུལ་སྣང་དུ་ཐག་གཅོད་བྱེད་ཀྱི་བློ་གང་ཡིན་ལ་འཁྲུལ་བློས་ཁྱབ་ག་ལ་དགོས་ཏེ། དོན་དཔྱོད་རིགས་ཤེས་ཚད་མས་གཟུགས་སོགས་སྣང་བ་ལྟར་མ་གྲུབ་པའི་འཁྲུལ་བར་ཐག་བཅད་ ཀྱང་ཁོ་རང་འཁྲུལ་ཤེས་ཡིན་མི་དགོས་ཤིང་དེར་ཁས་ཀྱང་མ་བླངས་པའི་ཕྱིར། དེ་འདྲའི་དོན་དཔྱོད་ཚད་མ་ཆོས་ཅན་།འཁྲུལ་བློ་ཡིན་པར་ཐལ། བློ་ཡིན་པའི་ཕྱིར་ན་མ་ཁྱབ། ཁྱབ་བ་ཐལ། བློ་ ཡིན་ན་འཁྲུལ་བ་ཡིན་དགོས་པའི་ཕྱིར་ཏེ་། དེ་ཡིན་ན་འཁྲུལ་སྣང་ཡིན་དགོས་པའི་ཕྱིར་ཟེར་ན་ཡང་མ་ཁྱབ་བོ།ཡང་དེ་འདྲིའི་ཐ་ སྙད་འཁྲུལ་སྣང་དུ་ཐག་གཅོད་བྱེད་པའི་བློ་ཆོས་ཅན་།དོན་དཔྱོད་རིགས་ཤེས་མ་ཡིན་པར་ཐལ་།ཐ་སྙད་དཔྱོད་བྱེད་ཀྱི་བློ་ཡིན་པའི་ཕྱིར་ཏེ་། ཁྱོད་ཀྱིས་ཐ་སྙད་པའི་ཆོས་རང་ཡུལ་དུ་བྱས་པའི་ཕྱིར་ཏེ། ཁྱོད་ཀྱིས་ཐ་སྙད་འཁྲུལ་སྣང་དུ་ཐག་གཅད་པའི་ཕྱིར་ན་།སྔ་ཕྱི་གཉིས་ཀར་མ་ཁྱབ་སྟེ། དེ་འདྲའི་བློས་ཐ་སྙད་ཤུགས་ཡུལ་ཙམ་ལས་དངོས་ཡུལ་དུ་མ་བྱས་པའི་ཕྱིར་ཏེ་། དེ་འདྲའི་བློས་དོན་དམ་ལ་སྒྲོ་འདོགས་དངོས་སུ་དང་ཐ་སྙད་ལ་ཤུགས་ཀྱིས་གཅད་པའི་ཕྱིར་རོ་། ཡང་ན་དོན་དང་ཐ་སྙད་མཇལ་བའི་ཚད་མ་གཉིས་། དེ་རྒྱུད་ལྡན་ཀྱི་གང་ཟག་བཅས་གསུམ་པོས་ཐུན་མོང་དུ་ཐག་བཅད་པ་སྟེ་། དཔེར་ན་རྩོད་ཟླ་གང་ཟག་གཉིས་དཔང་པོ་བཅས་གསུམ་གྱིས་དོན་གང་ཞིག་བདེན་རྫུན་དུ་ཐག་བཅད་པ་བཞིན་ནོ་།འདི་ལ་ཞིབ་ཏུ་སྨྲ་རྒྱུ་འདུག་མོད་རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱའོ་། མ་དཔྱད་པ་དང་ཅུང་ཟད་དཔྱད་པ་ སོགས་ཀྱི་རྣམ་བཞག་མི་འཐད་པའི་རྩོད་སྤོང་། རིགས་པ་ལ་གཡོལ་བའི་ཆེད་དུ་མ་དཔྱད་པ་དང་ཅུང་ཟད་དཔྱད་པ་ཤིན་ཏུ་དཔྱད་པའི་གནས་སྐབས་གསུམ་མམ་།ཐ་སྙད་གཞིར་བཞག་གམ་དང་དོན་དམ་གཞིར་བཞག་གི་གནས་སྐབས་གཉིས་སུ་དབྱེ་བ་སོགས་པར་པུར་མང་པོ་ཞིག་བྱས་མོད་ཐམས་ཅད་རང་མགོ་རང་གཡོག་གི་ལས་ཡིན་ཟེར་བ་ལ།དོན་དམ་གཞིར་བཞག་ཅེས་པ་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་གཞི་ལ་བཞག་ནས་དེའི་ མཐོང་དོན་ཁོ་ན་འཆད་ཚེ་ཐ་སྙད་ཙམ་ཡང་མ་དམིགས་ན་དེར་གྲུབ་པའི་ཆོས་ཤིག་ག་ལ་ཡོད་དེ་མེད་པས་ཐ་སྙད་དུ་ཡང་མ་གྲུབ་ཅེས་དང་། འོན་ཏེ་ཐ་ སྙད་འཇལ་བའི་བློ་གནོད་པ་མེད་པའི་དབང་པོ་དྲུག་ལ་ལྟོས་ན་ནིགཟུགས་སོགས་ཀུན་ རྫོབ་པའི་ཆོས་རྣམས་དེའི་རང་ཡུལ་ཡིན་པས་མེད་པར་ལྟ་ག་ལ་འགྱུར་བ་ དེས་ ན་ཐ་སྙད་ཙམ་དུ་ཡོད་ཅེས་པ་སྟེ་།དེ་འདྲའི་བློ་གཉིས་ལ་ངོ་བོ་དང་ཁྱད་པར་རང་ཡུལ་ གཞལ་ཚུལ་བཅས་་ཁྱད་པར་ཆེན་པོ་དེ་འདྲ་ཞིག་ཡོད་དུས་དེ་གཉིས་ཀྱི་མཐོང་དོན་གཏན་ལ་འབེབས་པའི་ སྐབས་སོ་སོར་ཕྱེ་བ་རང་མགོ་རང་གཡོག་ཏུ་ཅི་ལ་འགྱུར་ཏེ། ཚིག་ཙམ་དུ་འགྲིག་མིན་ཇི་ལྟར་བྱུང་ཡང་དོན་གྱི་གོ་བྱས་མི་སྟོང་བའི་ཕྱིར་རོ། སྤྱིར་ དོན་དམ་དང་ཀུན་རྗོབ་ཅེས་པ་འདི་ལ་ཡུལ་གྱི་དབང་དུ་བྱས་པ་དང་ཡུལ་ཅན་གྱི་དབང་ དུ་བྱས་པ་གཉིས་ཡོད་པ་ལས་སྐབས་འདིར་ཡུལ་ཅན་གྱི་དབང་དུ་བྱེད་དགོས་པ་འཇུག་པ་ རང་ལས་གསལ་བཞིན་ཁྱེད་ཚོས་ནམ་ཡང་སྐབས་ཤན་མི་ཕྱེ་བར་ཡུལ་གྱི་དབང་དུ་རང་བྱས་ ཏེ་བརྒལ་བ་ཅི་ཞིག་ཡིན་། ། གནས་སྐབས་ཞེས་པ་དུས་སྟོན་པའི་ཚིགས་ཡིན་གྱི་ཕྲ་རགས་སྟོན་པའི་ཚིགས་མིན་པ་འདི་ཁོ་ནས་ནས་དེའི་དེ་ཉིད་ལྷང་ལ་བུད་ཚར་ཟེར་བའང་གྱི་ན་སྟེ་།གནས་སྐབས་ཞེས་པ་ཙམ་ཞིག་ལ་ཕྲ་རགས་གི་དོན་མ་ཚང་བ་བདེན་མོད་དེ་གཞི་གཞན་དོན་དམ་དང་ཐ་སྙད་ལྟ་བུ་ལ་སྦྱར་ཚེ་ཕྲ་རགས་གི་ཁྱད་པར་དོན་གྱིས་ཞུག་པའི་ཕྱིར་།དེ་ལྟ་མིན་ན་།མངལ་གྱི་གནས་སྐབས་དང་བཙས་པའི་གནས་སྐབས་སོགས་ལ་ཡང་ཕྲ་རགས་ཀྱི་ཁྱད་མེད་པར་ཐལ་ཏེ། མཚུངས་པའི་ཕྱིར་རོ།དངོས་པོ་གཅིག་ཉིད་ལ་ཐོག་མར་ཡོད་པར་རྟོགས་པའིཚད་མ་སྐྱེ།བར་དུ་མེད་པར་རྟོགས་པའི་ཚད་མ་སྐྱེ་།མཐར་ཡོད་མེད་གང་ཡང་མིན་པར་རྟོགས་པའི་ཚད་མ་སྐྱེ་ཆོག་ན།ཁྱོད་རང་དང་པོར་མི་ཡིན་པ་དང་།བར་དུ་ཁྱི་ཡིན་པ་།ཐ་མར་འདྲེ་ཡིན་པར་རྟོགས་པའི་ཚད་མ་སྐྱེས་བྱུང་ཞེས་སྨྲ་བར་འདོད་དོ་ཞེས་པ་ཡང་ཟབ་དོན་དཔྱིས་ཕྱིན་དུ་མ་གོ་བས་ལན་ཏེ་།དང་པོ་ཡོད་ཅེས་པའི་དགོངས་དོན་མཐར་ཐུག་སྣང་ཙམ་ཡིན་པས་དེ་ལ་ཡོད་པའི་དོན་ཇི་བཞིན་མ་ཚང་མོད་དེ་མཇལ་བྱེད་ཀྱི་བློ་ལ་ཚད་མ་ཞེས་འབོད་ཏུ་རུང་བ་ནི་དེ་འདྲའི་བློ་དེ་སྣང་ཙམ་ལ་མི་བསླུ་བའི་ཕྱིར་ཏེ་།རང་ངོས་ནས་མ་གྲུབ་མོད་དེ་འདྲའིསྣང་བ་ཙམ་ཞིག་བྱང་བའི་ཕྱིར་།དཔེར་ན་རྨིས་པའི་རྟ་གླང་མེད་མོད་དེའི་སྣང་བ་ཙམ་བྱུང་བ་མི་བསླུ་བ་བཞིན་ནོ་།སྔགས་ཀྱི་ཆོས་སྐད་ལ། གདང་འགག་པ་མེད་པའམ་རྩལ་སྣོགས་སུ་སྣང་བ་སྣང་བ་ཞེས་གསུངས་ཏེ་ཤིན་ཏུ་ཟབ་པའི་གནད་དོ། དོན་འདི་ལ་དགོངས་ནས། ཞི་ལྷས། ཇི་ལྟར་མཐོང་ཐོས་ཤེས་པ་དག། འགོག་པར་བྱ་བ་མ་ཡིན་ཏེ། འདིར་ནི་སྡུག་སྔལ་རྒྱུར་གྱུར་པའི། བདེན་པར་རྟོག་པ་བཟློག་བྱ་ཡིན། ཞེས་དང་། ན་རོས། སྣང་བས་མི་འཆིང་ཞེན་པས་འཆིང་། ཞེན་པ་ཆོད་ཅིག་ན་རོ་པ།ཅེས་སོགས་གསུངས། བར་དུ་མེད་པར་རྟོགས་པའི་དོན་ཡང་ཡོད་པའི་དོན་རང་ངོས་ནས་ཡོད་པ་ལ་བྱས་ཏེ་གཟུགས་སོགས་དེར་ཐ་སྙད་ཙམ་དུ་ཡང་མེད་པས་མེད་པར་རྟོགས་ཅེས་པ་སྟེ་རང་རེའི་རྒྱུད་ཀྱི་ཡོད་པར་འཛིན་པའི་བློ་མཐའ་དག་དེར་འདུ་བས་ན་དེ་བཟློག་པའི་ཆེད་དུའོ་།མཐར་ཡོད་མེད་གང་ཡང་མིན་ཟེར་ན་དེ་འདྲའི་སྣང་སྟོང་གཉིས་སུ་ཚོགས་པའམ་ཟུང་དུ་འཇུག་པའི་དོན་ཏེ།ཇི་སྐད་དུ་།སྣང་བ་རྟེན་འབྱུང་བསླུ་བ་མེད་པ་དང་།སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས།ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ་།ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མིན་།ནམ་ཞིག་རེས་འཇོག་མེད་པ་ཅིག་ཆར་དུ་།རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ལས།ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན་།དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས།ཅེས་པ་བཞིན་ནོ་།རིམ་ལྔ་ལས།སྣང་བ་དང་ནི་སྟོང་པ་དག།སོ་སོའི་ཆར་ནི་ཤེས་གྱུར་ནས།གང་དུ་ཡང་དག་འདྲེས་གྱུར་པ།ཟུང་དུ་འཇུག་པར་དེ་བཤད་དོ་། ཞེས་སོགས་གསུངས་པའང་གནད་དེ་ལྟ་བུ་ལ་་དགོངས་ཤིང་དབུ་མའི་གཞུང་ལས་རྐྱེན་ཉིད་འདི་པ་ཙམ་གྱི་རྟེན་འབྲེལ་ཞེས་ཡང་ཡང་གསུངས་པ་དག་དང་ཡང་གནད་གཅིག་པའོ་།།སྔགས་ལས།ངོ་བོ་སྟོང་པ་ཆོས་སྐུ།རང་བཞིན་གསལ་བ་ལོངས་སྐུ་།གསལ་སྟོང་་ཟུང་དུ་འཇུག་པ་སྤྲུལ་སྐུ་ཞེས་སམ་ཡང་ན་གདངས་འགགས་པ་མེད་པ་སྤྲུལ་སྐུ་ཞེས་སོགས་གསུངས་ཏེ་དེ་དག་གི་དགོངས་དོན་ཅི་ཕྱིན་དུ་བསྟན་པ་ཡིན་ནོ་།
ཐལ་འགྱུར་བའི་ཐ་སྙད་ཀྱི་རྣམ་ བཞག་ལ་རྩོད་པ་སྤོངས་བ། དབུ་མ་པས་ཐ་སྙད་དུ་ཕྱི་དོན་ཁས་ལེན་ཀྱང་རྣམ་བཞག་ཡོད་ཚད་རིགས་པ་མ་ཤེས་པའི་འཇིག་རྟེན་རྒན་པོའི་ཁ་ལ་ཉན་རྒྱུ་ཡིན་ཅེས་ཟེར་ཞེས་པ་ཡང་ཕྱོགས་གཅིག་ལ་འཁྲི་བའི་སུན་འབྱིན་སྟེ།     དབུ་མའི་གཞུང་ལས།   དེ་ལ་འཇིག་རྟེན་རྣམ་གཉིས་སྟེ།  རྣལ་འབྱོར་པ་དང་ཕལ་པའོ།    ཞེས་པ་ལྟར།  ཐ་སྙད་འཇིག་རྟེན་ལྟར་བྱེད་ཅེས་པའི་འཇིག་རྟེན་དེར་ཡང་འཇིག་རྟེན་ཕལ་པ་དང་རྣལ་འབྱོར་འཇིག་རྟེན།  གང་ཟག་འཇིག་རྟེན་པ་དང་  བློ་འཇིག་རྟེན་པ།  ཀུན་རྫོབ་ལ་ཡང་སོ་སྐྱེའི་ཀུན་རྫོབ་དང་རྣལ་འབྱོར་ཀུན་རྫོབ་།  འཇིག་རྟེན་གྲགས་པ་དང་མཐུན་པར་བྱེད་ཅེས་པ་ཙམ་གྱི་རྣམ་བཞག་ཡོད་ཚད་རིགས་པ་མི་ཤེས་པའི་རྒན་པོའི་ངག་ལ་ཉན་ཅི་དགོས་ཏེ་རྣལ་འབྱོར་འཕགས་པའི་རྗེས་ཀྱི་བློ་ཚུན་ཆད་སྐབས་འདིའི་འཇིག་རྟེན་ཡིན་པའི་ཕྱིར་སྟེ། དེ་དག་བློ་འཇིག་རྟེན་ཡིན་པའི་ཕྱིར་རོ།  གྲུབ་ཤིང་ལས།  འཇིག་རྟེན་པ་ཞེས་པ་དེ་ངེས་པར་དོར་མ་གྱོན་པའི་ཀླ་ཀློ་མི་ཁོམ་པ་ལྟ་བུ་ཞིག་ལ་བྱེད་མི་དགོས་ཞེས་གསུངས་པའང་གནད་འདི་འདྲ་བ་དག་ལ་དགོངས་པའོ་།  འོ ་ན་ཅི་ཕྱིར་ཐལ་འགྱུར་བ་ཁོ་ནར་འཇིག་རྟེན་གྲགས་བདེ་སྤྱོད་པ་ཞེས་བྱ་སྙམ་ན་  དེ་ནི་དབུ་མ་རང་རྒྱུད་པ་ཁ་ཅིག་ཐ་སྙད་མདོ་སྡེ་བའི་རྗེས་སུ་འབྲང་ཤིང་ཡང་ཁ་ཅིག་རྣལ་འབྱོར་སྤྱོད་སེམས་ཙམ་པའི་རྗེས་སུ་འབྲང་མོད་།    ཐལ་འགྱུར་བས་དེ་དག་གི་ཐ་སྙད་ཀྱི་རྣམ་བཞག་གཙོ་བོ་ཁག་ཅིག་ལ་རིག་པས་གནོད་པར་གཟིགས་ནས་རང་ཉིད་ཀྱི་རྣམ་བཞག་དེ་དག་འཇིག་རྟེན་དང་གྲུབ་མཐའ་གཉིས་ལས་འཇིག་རྟེན་དང་མཐུན་པར་མཛད་པའམ།    ཡང་ན་ཐལ་འགྱུར་བས་ཐ་སྙད་ཀྱི་རྣམ་བཞག་མཐའ་དག་འཇིག་རྟེན་ཕལ་པ་དང་སྒོ་བསྟུན་རྒྱུའི་དོན་མིན་པར་རྣམ་བཞག་གྱི་གཙོ་བོ་ཁག་ཅིག་དེ་དག་དང་མཐུན་པར་མཛད་པ་སྟེ་ནང་སྡེ་གྲུབ་མཐའ་སྨྲ་བ་ཁག་ཅིག་གིས་ཕྱི་ཡུལ་ལ་ལྟོས་པའི་ཕྱི་དོན་དང་ལྐོག་ན་མོ།     ནང་ཤེས་པ་ལ་ལྟོས་པའི་ཀུན་གཞི་དང་རང་རིག་ཕྱི་ནང་གཉིས་ཀའི་ཆ་ནས་དེ་དག་ལ་ལྟོས་པའི་ཚད་འབྲས་ཀྱི་རྣམ་བཞག་དང་གཞན་སྐྱེ་སོགས་ཁས་ལེན་པའི་རྗེས་སུ་རང་རྒྱུད་པ་བཞིན་མི་འབྲང་བར་དེ་དག་འཇིག་རྟེན་ན་ཇི་ལྟར་གྲགས་པ་བཞིན་གཟུགས་སོགས་ཡུལ་དྲུག་དང་མིག་སོགས་ཤེས་པ་དྲུག་ཐ་སྙད་དུ་ཡོད་མཉམ་དང་དོན་དམ་དུ་མེད་སྙམ།        དེ་བཞིན་རང་མྱོང་དང་རྟེན་འབྲེལ་གྱི་སྐྱེ་བ་ཙམ་ལས་རང་རིག་དང་གཞན་སྐྱེ་སོགས་མི་འདོད་པའི་དོན་ནོ།    ཡང་ཁྱོད་ཀྱིས་།    མདོར་ན་གཟུགས་མཐའ་རྡུལ་ཕྲན་ཆ་མེད་དང་།    བསྐོར་བ་བར་དང་བཅས་པ་དང་དཔེ་གཡག་རྔ་དང་ནེའུ་སེང་སོགས།   བྱེ་མདོས་བཤད་ཚད་གཏམ་ཚད་མཐའ་དག་སེམས་ཙམ་པ་ལྟར་ན་ཁྱད་གཞི་མེད་པའི་ཁྱད་ཆོས་དང་དབུ་མ་པ་ལྟར་ན་ཐ་སྙད་འཇོམ་པའི་ཐོ་བ་རུ་ངོས་འཛིན་བཞིན་ཡོད་།  འོ་ན་དངོས་ལུགས་རྙིང་པ་ཚོས་རྙེད་པའི་ཀུན་ཁྱབ་འཐེན་ཤུག་དང་།    རྫས་འགྱུར་མ་རྡུལ་དང་།     དངོས པོའི་འགུལ་བསྐྱོད་འདི་དག་ཁྱད་གཞི་མེད་པའི་ཁྱད་ཆོས་སམ་ཡང་ན་ཐ་སྙད་འཇོམས་པའི་ཐོ་བ་རུ་ཞལ་གྱིས་བཞེས་རྒྱུ་ཡིན་ནམ་ཟེར་བར།  དེ་དག་སྤྱིར་རྡུལ་ཕྲན་དང་།   བསྐོར་མ་བསྐོར།   བར་དང་བཅས་མ་བཅས་ཙམ་ཞིག་དབུ་སེམས་ཚོས་མི་འདོད་པའི་དོན་མིན་པར་། བྱེ་མདོས་དོན་དམ་པར་གྲུབ་པའི་རྡུལ་ཆ་མེད་ཁས་ལེན་ཅིང་།  དེ་གཞིར་བྱས་ཀྱི་ཐོག་ནས་བསྐོར་བ་བར་བཅས་བར་མེད་དང་རགས་དངོས་ཀྱི་རྩོམ་གཞིར་འདོད་པས།    དབུ་སེམས་ལྟར་ན་དེ་འདྲའི་རྡུལ་ཐ་སྙད་དུ་ཡང་མི་བཞེད་པས་དེ་ལ་བརྐོར་བ་བར་དང་བཅས་མ་བཅས་དཔྱོད་པ་མོ་གཤམ་བུ་མོའི་མཛེས་སྡུག་དཔྱོད་པ་ལྟར་ཁྱད་གཞི་མེད་པའི་ཁྱད་ཆོས་སམ།      དེས་བརྩམས་པའི་དངོས་པོ་དག་ཀྱང་རྨིང་མེད་པའི་མཁར་གྱི་བྱ་བཞག་དང་མཚུངས་པར་དགོངས་ནས་ཐ་སྙད་འཇོམས་པའི་ཐོ་བ་རུ་གསུངས་པ་ལས་།   བློས་དཔྱད་ནས་བྱས་པའི་ རྣམ་བཞག་གང་ཡིན་ཁས་མི་ལེན་པ་དང་མི་རུང་བ་ག་ལ་ཡིན་ཏེ།   དབུ་མ་པ་ལ་ཡང་ཐུན་མོངས་མིན་པའི་བདེན་གཉིས་དང་ས་ལམ་གྲུབ་མཐའི་རྣམ་བཞག་ཇི་བཞིན་བྱེད་དུ་ཡོད་པས་སོ།   དེ་བས་དངོས་ལུགས་པའི་འཐེན་ཤུག་དང་།   རྫས་འགྱུར་མ་རྡུལ་སོགས་རང་སྡེས་དངོས་སྨྲས་འདོད་པའི་རྣམ་བཞག་ཁ་ཅིག་ལྟར་ཁྱད་གཞི་མེད་པའི་ཁྱད་ཆོས་སམ་ཐ་སྙད་འཇོམས་པའི་ཐོ་བ་རུ་ཅི་ལ་འགྱུར་སྟེ།   དངོས་ལུགས་པའི་རྣམ་བཞག་དེ་དག་སྤྱིར་གྱི་ཕུང་ཁམས་དང་ས་ལམ་ལམ་གྱི་རྣམ་བཞག་གཞན་པ་ཇི་བཞིན་གཏན་ལ་འབེབ་པའི་རྣམ་གྲངས་ཙམ་ལས།     དངོས་སྨྲ་བས་ཆོས་ཐམས་ཅད་བདེན་པ་གཉིས་སུ་ཕྱེས་ནས་།      གཟུང་འཛིན་གཉིས་དང་།      ཀུན་གཞིའི་རྣམ་ཤེས་།    རགས་དངོས་དང་ཆ་མེད་བཅས་ལ་བདེན་མི་བདེན་དང་།    གྲུབ་མ་གྲུབ་བཅས་ཀྱི་དབྱེ་བ་ཕྱེ་བ་ལྟར་འདིས་མི་བྱེད་པས་སོ།      དེ་དག་སྐབས་དེར་འཇིག་རྟེན་མ་གྲགས་པའི་ཕྱིར་དབུ་མ་པའི་ཐ་སྙད་དུམི་རུང་སྙམས་དུ་ཡང་མི་བསམ་སྟེ།      སྐབས་དེར་དངོས་སུ་མ་གྲགས་མོད་གྲགས་རུང་ཚན་རིག་གི་ཀུན་རྫོབ་ཡིན་པའི་ཕྱིར་།         རྣལ་འབྱོར་ཀུན་རྫོབ་བཞིན་ནོ།        དེས་ན་།      འཇིག་རྟེན་པ་ཡང་རྣམ་གཉིས་སྟེ།   ཚན་རིག་པ་དང་ཕལ་པའོ།     ཚན་རིག་པའང་བློ་ཁྱད་ཀྱིས།     གོང་མ་གོང་རྣམས་ཀྱི་གནོད།       ཅེས་འདོན་པ་བསྒྱུར་བས་ཆོག་པར་འདུག་གོ།    ཁྱེད་ཀྱི་ལར་དབུ་མའི་ལུགས་སུ་བཞེད་པའི་རྡུལ་ཕྲན་དེ་ཆ་བཅས་ཡིན་ནམ་ཆ་མེད་ཡིན།    ཆ་བཅས་ཡིན་ན་ཆུང་མཐའ་རུ་ཅི་ལ་འཐད།    ཆ་མེད་ཡིན་ན་རགས་པ་ཇི་ལྟར་རྩོམ།    ཞེས་བརྒལ་བ་ལ།     དབུ་མས་བཞེད་པའི་རྡུལ་ལ་ཆ་བཅས་ལས་འོས་མེད་པས་།      དེ་ཉིད་ཇི་ལྟར་ཆུང་མཐའ་ཡིན་པ་ཡང་ལྟོས་ནས་གྲུབ་པ་ཙམ་སྟེ།    བློ་ངོར་ཆ་ཤས་ཅན་དུ་སྣང་བའི་དངོས་པོ་ཀུན་ལས་ཆེས་ཆུང་ཤོས་དེ་ཡིན་པས་སོ།    རྡུལ་ཕྲན་དང་དེ་ཕྲ་མོ་ཙམ་ཞིག་དབུ་མ་པས་ཁས་ལེན་མི་རུང་བ་མེད་མོད་ ། དེའི ཆུང་མཐའ་ཁས་ལེན་མིན་ནི་ད་དུང་དཔྱོད་དགོས་པ་འདུག་གོ།         དངོས་པོ་གཅིག་ཉིད་ལ་ཐོག་མར་ཡོད་པར་རྟོགས་པའི་ཚད་མ་སྐྱེ།     བར་དུ་མེད་པར་རྟོགས་པའི་ཚད་མ་སྐྱེ།    མཐར་ཡོད་མེད་གང་ཡང་མིན་པར་རྟོགས་པའི་ཚད་མ་སྐྱེ་ཆོག་ན།   ཁྱོད་རང་དང་པོར་མི་ཡིན་པ་དང་།   བར་དུ་ཁྱི་ཡིན་པ།     མཐའ་མར་འདྲེ་ཡིན་པར་རྟོགས་པའི་ཚད་མ་སྐྱེས་བྱུང་ཞེས་སྨྲ་བར་འདོད་དོ་ཞེས་པ་ཡང་ཟབ་དོན་དཔྱིས་ཕྱིན་དུ་མ་གོ་བས་ལན་ཏེ།     དང་པོ་ཡོད་ཅེས་པའི་དགོངསདོན་མཐར་ཐུག་སྣང་ཙམ་ཡིན་པས་དེ་ལ་ཡོད་པའི་དོན་ཇི་བཞིན་མ་ཚང་མོད་དེ་འཇལ་བྱེད་ཀྱི་བློ་ལ་ཚད་མ་ཞེས་འབོད་དུ་རུང་བ་ནི་དེ་འདྲའི་བློ་དེ་སྣང་ཙམ་ལ་མི་བསླུ་བའི་ཕྱིར་ཏེ།  རང་ངོས་ནས་མ་གྲུབ་མོད་དེ་འདྲའི་སྣང་བ་ཙམ་ཞིག་བྱུང་བའི་ཕྱིར།  དཔེར་ན་རྨིས་པའི་རྟ་གླང་མེད་མོད་དེའི་སྣང་བ་ཙམ་བྱུང་བ་མི་བསླུ་བ་བཞིན་ནོ། ཀླུ་དགོངས་ལས། རྒྱུད་ཆེན་སངས་རྒྱས་རྒྱ་མཚོ་ལ།    རྗེ་འཇམ་དབྱངས་བཞད་པས།       ཐལ་རང་གཉིས་ཀའི་ལྟ་བའི་ཁྱད་པར་དྲིས་ཚེ།  ཡགཟིམ་ཁང་གི་ཀ་བ་ཞིག་ལ་ཕྱག་མཛུབ་བཙུགས་ནས་རང་རྒྱུད་པའི་ལུགསལ་ཤིང་སྡོང་ཧྲང་པོ་འདི་ཀ་བ་ཡིན་ཐལ་འགྱུར་བའི་ལུགས་ལ་འདི་ཀ་བའི་གདགས་གཞི་ཡིན་གྱི་འདིའི་སྟེང་ན་མིང་ཀྱང་བཏགས་ཡོད་ཙམ་གྱི་ཀ་བ་ཞིག་ཡོད་ཅེས་དང་།      ཡང་ཨ་རིག་དགེ་བཤེས་ཆེན་མོ་དཔལ་མང་ཊི་ཏས་མཇལ་སྐབས་། ཁྱོད་པུ་ཏི་ལྔ་ལས་ཅི་ལ་མཁས་ཞེས་གསུངས།  དབུ་མ་ལ་སྦྱང་བ་ཆེ་ཙམ་ཡིན་ཞེས་ཞུས་པས་།   འོ་ན་ཐལ་འགྱུར་བའི་ལུགས་ལ་འདི་ཅི་ཡིན་གསུངས་ནས་མདུན་དུ་ཅོག་ཙེ་ལགས་ཞུས་པས།   ཅོག་ཙེ་མ་ཡིན་པར་ཐལ་།      ཅོག་ཙེའི་གདགས་གཞི་ཡིན་པའི་ཕྱིར་གསུངས་པར་ལན་ཅི་ཡང་མ་རྙེད་པར་ལུས་འབྱུང་བ་དག་ཀྱང་མཐར་གཏུག་ན་གནད་འདི་འདྲ་ཞིག་ལ་དགོངས་པ་མིན་ནམ་སྙམ་སྟེ། སྣང་ཙམ་གྱི་ཧྲང་ཧྲང་པོ་དང་གྲུ་བཞི་ཙམ་ལས་དེའི་སྟེང་ན་ཡོད་པ་དང་གཞི་མཐུན་པའི་ཀ་བ་དང་ཅོག་ཙེ་ཞེས་པ་ཞིག་གཏན་མེད་པའི་དོན་ནོ།     རྗེ་ཡིས་བུམ་སོགས་རང་ངོས་སམ་ཡུལ་ཐོག་ནས་ཡོད་པར་བཞེད་པ་ཡང་སྣང་ཙམ་ལ་ཡོད་པར་བྱས་སྟེ།           དེ་འདྲའི་སྣང་བ་ཙམ་ཞིག་ཡུལ་རང་ངོས་ནས་ཀྱང་མ་བྱུང་བ་མིན་པ་ལ་དགོངས་ནས་བུམ་སོགས་རང་ངོས་ནས་ཡོང་ཅེས་གསུངས་པ་མིན་ནམ་སྙམ་སྟེ་ཤིན་ཏུ་ཟབ་པའི་བློ་ཡི་དཔྱོད་ཡུལ་ལོ།    ཙོང་ཁ་པས་ཚིགས་ཐོག་ནས་རང་ངོས་སམ་ཡུལ་སྟེང་ནས་ཡོད་མེད་བཞེད་པ་ཇི་ལྟར་ཡང་འདི་ནས་དོན་ལ་སོང་ཚོད་ཀྱི་དབང་དུ་བྱས་པ་ཡིན་ནོ།    བར་དུ་མེད་པར་རྟོགས་པའི་དོན་ཡང་ཡོད་པལ་བྱས་ཏེ་གཟུགས་སོགས་དེ་དག་ཐ་སྙད་ཙམ་དུ་ཡང་མེད་པས་མེད་པར་རྟོགས་ཞེས་པ་སྟེ་རང་རེའི་རྒྱུད་ཀྱི་ཡོད་པར་འཛིན་པའི་བློ་མཐའ་དག་དེར་འདུ་བས་ན་དེ་བཟློག་པའི་ཆེད་དུའོ།         །མཐར་ཡོད་མེད་གང་ཡང་མིན་ཟེར་ན་དེ་འདྲེའི་སྣང་སྟོང་གཉིས་སུ་ཚོགས་པའམ་ཟུང་དུ་འཇུག་པའི་དོན་ཏེ།ཇི་སྐད་དུ་།   སྣང་བ་རྟེན་འབྱུང་བསླུ་བ་མེད་པ་དང་། སྟོང་པ་ཁས་ལེན་ བྲལ་བའི་གོ་བ་གཉིས།          ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ་།ད་དུང་ཐུབ་པའི་དགོས་པ་རྟོགས་པ་མིན།     ནམ་ཞིག་རེ་འཇོག་མེད་མེད་པ་ཅིག་ཅར་དུ།     རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ལས་།      ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུནཞིག་ན་།    དེ་ཚེ་ལྟ་བའིདཔྱད་པ་རྫོགས་པ་ལགས།  ཞེས་པ་བཞིན་ནོ་།      རིམ་ལྔ་ལས་།  སྣང་བ་དང་ནི་སྟོང་བཔ་དག་།    སོ་སོའི་ཆར་ནི་ཤེས་གྱུར་ནས་།    གང་དུ་ཡང་དག་འདྲེས་གྱུར་པ་།    ཟུང་དུ་འཇུག་པ་དེ་བཤད་དོ་།    ཞེས་དང་།     ཏེ་ལོ་པས་།   སྣང་བས་མི་འཆིང་ཞེན་པས་འཆིང་།      ཞེན་པ་ཆོད་ཅིག་ན་རོ་པ་།  ཞེས་སོགས་གསུངས་པའང་གནད་དེ་ལྟ་བུ་ལ་དགོངས་ཤིང་དབུ་མའི་གཞུང་ལས་རྐྱེན་ཉིད་འདི་པ་ཙམ་གྱི་སྣང་བ་ཞེས་ཡང་ཡང་གསུངས་པ་དག་དང་ཡང་གནད་གཅིག་པའོ།   སྔགས་ལས་།  ངོ་བོ་སྟོང་པ་ཆོས་སྐུ་། རང་བཞིན་གསལ་བ་ལོངས་སྐུ།     གསལ་སྟོང་ཟུང་དུ་འཇུག་པ་སྤྲུལ་སྐུ་ཞེས་སམ་ཡང་ན་གདངས་འགགས་པ་མེད་པ་སྤྲུལ་སྐུ་ཞེས་སོགས་གསུངས་ཏེ་དེ་དག་གི་དགོངས་དོན་དཔྱིས་ཕྱིན་དུ་བསྟན་པ་ཡིན་ནོ་།།                                       ཁོ་བོར་མཁས་པའི་ཚོགས་ལ་འགྲན་བཟོད་པའི། །                    རྒྱ་ཆེའི་རྣམ་པར་དཔྱོད་པ་མི་མངའ་མོད་།  །                   ཟབ་དོན་སེམས་ཚེ་ཕལ་ལ་མི་སྨོན་པའི།   །                    གོ་བའི་སྟོབས་འདིས་ནམ་ཡང་བྲོད་པ་བསྐྱེད། །/> གཅིག་དུ་བྲལ་ཀྱི་རིགས་པ་ མི་འཐད་པའི་རྩོད་སྤོང་། ཡང་ཁོང་གིས་དབུ་མ་སྔ་ཕྱིའི་བར་ལ་ནང་འཁྲུག་ཞིག་བསླངས་ནས་ ལེ་ལན་ཚང་མ་ཀླུ་སྒྲུབ་ཡབ་སྲས་ལ་བཀལ་བ་འདི་ལྟར། འོ་ ན་ལུགས་དེ་གཉིས་ལས་གང་ཞིག་མ་འགྲིག་པ་ཡིན་ཟེར་ན་གཉིས་ཀ་མ་འགྲིག་པ་ཡིན།དེ་ཡང་ བོད་ཀྱི་མཁས་པ་རིམ་བྱོན་ཁྲོད་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་འཚོལ་མཁན་མ་གཏོགས་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་དེ་འགྲིག་མིན་གྱི་ཕྱོགས་སུ་བསམ་བློ་ གཏོང་ཕོད་མཁན་གཅིག་ཀྱང་མེད་པས་ལན་པ་རེད་ཅེས་དང་། ཁོང་ཡབ་སྲས་ཀྱི་དགོངས་པ་བཞེས་སྟངས་དེར་རྩ་བ་ནས་མ་འགྲིག་པའི་ནོར་འཁྲུལ་ཞིག་ཤོར་ཡོད་སྙམ་པའི་བསམ་བློ་སུ་ལའང་འཁོར་མྱོང་མེད། འོན་ཀྱང་མིའི་རིགས་ཀྱི་ཤེས་རབ་རིམ་གྱིས་གོང་དུ་འཕེལ་ནས་དུས་རབས་ཉི་ཤུ་བར་བསླེབས་པ་ན། ད་གཟོད་མི་རྣམས་ཀྱི་བློ་ཡུལ་ལས་འདས་པའི་བློ་བསྐྱེད་ཁ་ཅིག་རེག་ཡོད་པ་རེད། སྔོན་ཆད་དུས་ཚོད་ནི་ཕྲེང་ཐག་ལྟ་བུ་དང་། སྐྱེ་འཇིག་ཅན་གྱི་དངོས་པོ་རྣམས་ནི་དུས་ཚོད་དེར་བརྒྱུས་པའི་ཕྲེང་རྡོག་ལྟ་བུར་ངོས་འཛིན་ཡོངས་ཁྱབ་བྱེད་ཀྱི་ཡོད། གནའ་བོའི་རྒྱ་གར་གྱི་སློབ་དཔོན་རྣམ་པས་ཀྱང་བལྟ་ཚུལ་དེ་ཉིད་གཞིར་བཞག་གི་ཐོག་ནས་ དུས་ཀྱི་ཐུང་མཐའི་ཤེས་པའི་སྐད་ཅིག་མ་ལ་སྔ་ཕྱིའི་ཆ་ཡོད་མེད་ཀྱི་བརྟགས་དཔྱད་ གནང་བ་རེད། ཆ་ཤས་ཡོད་ན་ཐུང་མཐའི་དོན་མེད་ཅིང་ཆ་མེད་ཡིན་ན་རྒྱུན་བརྩམས་མི་ནུས་པར་གཟིགས་ནས་ཤེས་པ་སྐྱེ་མེད་དུ་གཏན་ལ་ཕབ་པ་རེད། གལ་སྲིད་ལྟོས་བཅས་ཚན་རིག་འདི་བྱུང་མེད་ན་དབུ་མའི་རིག་པ་འདི་ལ་ལན་འདེབས་སུས་ཀྱང་ནུས་རེ་བྲལ། ལྟོས་ བཅས་སྨྲ་བས་དངོས་པོ་སོ་སོའི་འགུལ་བསྐྱོད་ལས་ལོགས་སུ་དུས་ཚོད་རང་སྐྱ་བ་མེད་ ཅེས་བཤད་པ་འདིས་གཞི་ནས་ཤེས་པ་གཅིག་ལ་སྔ་ཕྱིའི་ཆ་ཤས་ཡོད་མེད་བརྟགས་པ་ནི་དོན་ མེད་སྐོར་ལོག་གི་བསམ་བློ་ཡིན་པ་ར་འཕྲོད་པ་རེད་ཅེས་ཁོང་གིས་དབུ་མ་སྔ་ཕྱི་ གཉིས་ཀ་མི་འཐད་པའི་རྩ་བ་ཀླུ་སྒྲུབ་ཡབ་སྲས་ཀྱིས་ནོར་འཁྲུལ་བཟོས་པ་དང་། དེའི་ རྒྱུ་མཚན་གཅིག་དུ་བྲལ་གྱི་རིགས་པ་ལ་འཐད་པ་མེད་པ།དེ་མི་འཐད་པའི་རྒྱུ་མཚན་ཡང་ དངོས་པོ་སོ་སོའི་འགུལ་བསྐྱོད་ཙམ་ལས་དུས་ཞེས་པ་ལོགས་སུ་མ་གྲུབ་པའི་རྐྱེན་ གྱིས་ཤེས་པ་གཅིག་ལ་སྔ་ཕྱིའི་ཆ་དབྱེ་རུ་མེད་པ་དང་། གཟུགས་བྲལ་ནུས་ཁྱམ་ཀྱི་ཀློང་ནས་གཟུགས་ཅན་གྱི་གསོབ་རྡུལ་ཐོན་པའི་རྐྱེན་གྱིས་རགས་པའི་རྩོམ་གཞི་ཕྲ་རབ་ཡིན་པ་མ་ངེས་པ་བཅས་ཡིན་ཟེར། དེ་ལ་གལ་ཏེ་གཅིག་དུ་བྲལ་གྱི་རིགས་པ་ཟེར་བ་མི་བདེན་དུ་ཆུག་ཀྱང་དེ་ཙམ་གྱིས་ཀླུ་ སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཟབ་མོ་ཁེག་པར་ག་ལ་ངེས་ཏེ་།ད་དུང་རྒྱུ་ལ་དཔྱོད་པ་ རྡོ་རྗེ་ཟེགས་མའི་རིགས་པ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་རིགས་པ། ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོའི་རིགས་པ་སོགས་མཐའ་ཡས་པས་སོ། གཅིག་དུ་བྲལ་གྱི་རིགས་པ་འདི་དེ་ཙམ་གྱིས་འགོག་ནུས་པའང་མིན་ཏེ་།རྡུལ་ཕྲན་རགས་པའི་ རྩོམ་གཞི་མིན་ན་གཟུགས་སོགས་གཅིག་དང་དུ་མའི་རང་བཞིན་མ་བྲལ་མི་དགོས་པའི་ཕྱིར་དང་།དུས་ཞེས་པ་དངོས་པོ་ལ་ལྟོས་ནས་བཏགས་པ་ཙམ་ལས་ལོགས་སུ་རང་རྐྱ་བར་མེད་པའི་ཚུལ་ལྟོས་གྲུབ་སྨྲ་བའི་དབུ་མ་པས་ཀྱང་འདོད་པའི་ཕྱིར་ཏེ། རྩ་་ཤེ་ལས།གལ་ཏེ་དུས་ནི་དངོས་བརྟེན་ཏེ།དངོས་མེད་དུས་ནི་ག་ལ་ཡོད་།དངོས་པོ་འགའ་ཡང་ཡོད་མིན་ན་།དུས་ལྟ་ཡོད་པར་ག་ལ་འགྱུར། ཞེས་འབྱུང་བ་བཞིན་ནོ། གལ་སྲིད་དུས་ཞེས་པའི་དངོས་པོ་ཞིག་ལོག་སུ་མ་གྲུབ་ཚེ་ཤེས་པ་གཅིག་ལ་སྐད་ཅིག་སྔ་ཕྱིའི་ཆ་དབྱེ་མི་ཐུབ་དགོས་ན་ནི། ཚན་རིག་པ་རྣམས་ཀྱིས་ཀྱང་གློག་རྡུལ་ལྟ་བུ་ཤིན་ཏུ་ཕྲ་བའི་དངོས་པོ་དག་ལ་སྔ་ཕྱིའི་ཆ་ཕྱེ་མི་ནུས་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། དངོས་པོའི་འཕེལ་འགྱུར་ལས་ལོགས་སུ་དུས་ཞེས་པ་རང་ རྐྱ་བ་ཞིག་མེད་པའི་ཚུལ་ནི་རིགས་པའི་རྗེས་འབྲང་གི་རྣམ་རིག་པ་ཡན་གྱི་གྲུབ་ མཐའ་དག་ལྟ་ཅི་རིགས་རྗེས་འབྲང་བའི་མདོ་སྡེ་པས་ཀྱང་མི་བཞེད་པ་ས་རྙིང་ཀར་གསུམ་ གྱི་མཁས་པ་ཕལ་མོ་ཆེ་ལ་རླུང་ལྟར་གྲགས་པ་ཁྱོད་ཀྱིས་མ་མཐོང་བ་ལས་ཅུང་ཟད་གསན་ན་ ནི་དེ་ཙམ་ཚན་རིག་པ་ཁོ་ནའི་ཁྱད་ཆོས་སུ་ཅི་ཡང་མི་འགྱུར་རོ། ཆོས་ཚན་གཉིས་ལ་མཐུན་ཕྱོགས་ མེད་པའི་རྩོད་སྤོང་། ཡང་།མདོ་ལས་། ཐོག་མ་མེད་པའི་དུས་ཀྱི་དབྱིངས།། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ།། དེ་ཡོད་པས་ན་འགྲོ་ཀུན་དང་།། མྱ་ངན་འདས་པའང་འཐད་པ་ཡིན།། ཞེས་དང་། རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ།། རླུང་ནི་མཁའ་ལ་རབ་ཏུ་གནས།། ལས་དང་ཉོན་མོངས་ཚུལ་བཞིན་མིན།། ཡིད་ལ་བྱེད་པ་ལ་གནས་ཤིང་།། ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱང་།། སེམས་ཀྱི་དག་པ་ལ་རབ་གནས།། ཞེས་དང་། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ།། གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ།། ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ།། ཞེས་དང་། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ནི་།རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ།སྣ་ཚོགས་ལུས་དང་ལོངས་སྤྱོད་དང་།གནས་དང་སྡུག་བསྔལ་ལ་སོགས་པ།བདག་དང་བདག་གི་སོ་སོར་འཛིན་། ཞེས་སོ། ཏེ་ལོ་པས། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། ཕྱག་རྒྱ་ཆེན་པོའི་རང་བཞིན་ལས། མ་ལུས་དེར་བྱུང་དེ་རུ་ཐིམ། ཞེས་དང་།མཉམ་མེད་དྭགས་པོས་ཀྱང་། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད།། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ།། ཞེས་དང་། ཐམས་ཅད་མཁྱེན་པ་རང་བྱུང་ཞབས་ཀྱིས། ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས།། མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི།། འགལ་འདུ་མ་ཡིན་བརྗོད་བྱའི་ཡུལ་ལས་འདས།། མཐའ་བྲལ་སེམས་ཀྱི་ཆོས་ཉིད་རྟོགས་པར་ཤོག། ཅེས་གསུངས་ཤིང་། ཀུན་མཁྱེན་ཀློང་ཆེན་པས་ཀྱང་། བྱང་ཆུབ་སེམས་ནི་སྣང་དང་མི་སྣང་འདས།། འཁོར་འདས་ཕྱི་ནང་ཆོས་ཀུན་མེད་ན་ཡང་།། དེ་ཡི་རྩལ་ལས་གཡོས་པའི་རང་བཞིན་ཀྱིས།། སྣང་སྲིད་འཁོར་འདས་སྣ་ཚོགས་རོལ་པར་ཤར།། ཞེས་དང་། རང་རིག་སེམས་ཀྱི་མེ་ལོང་འོད་པོ་ཆེ།། འདོད་འབྱུང་ནོར་བུ་རིན་ཆེན་ཆོས་ཀྱི་དབྱིངས།། རྩོལ་བ་མེད་པར་ཐམས་ཅད་རང་བྱུང་བས།། རང་བྱུང་ཡེ་ཤེས་འདོད་རྒུ་འབྱུང་བའི་དཔལ།། ཞེས་དང་།ཡང་། འདི་ཡི་ངང་ལ་རྒྱུ་འབྲས་བྱ་རྩོལ་མེད།། བལྟ་དང་བསྒོམ་དུ་མེད་པ་ལ་སོགས་ཏེ།། མཐའ་དབུས་གཉིས་མེད་འགོག་པའི་ཚུལ་བརྗོད་ཀྱི།། གཞན་དུ་ངང་ལས་ཕྱིར་འཆལ་རྩལ་ཉིད་ལས།། རོལ་བ་སྣ་ཚོགས་སྣང་སྲིད་དགུ་འཆར་བས།། རྒྱུ་འབྲས་མེད་ཅེས་ནམ་ཡང་མ་བརྗོད་ཅིག། ཅེས་པ་ལྟར། ཀླུ་སྒྲུབ་ཡབ་སྲས་ཀྱིས་འཁོར་འདས་ཀྱི་རྣམ་གཞག་སྣ་ཚོགས་པ་འདི། སྟོང་པ་ཉིད་ལས་བྱུང་བ་དང་། ཐོགས་མེད་ཡབ་སྲས་ཀྱིས་ཀུན་གཞིའི་ཀློང་ནས་དང་མགོན་པོ་བྱམས་པས་སེམས་ཉིད་ཀྱི་དབྱིངས་ནས་བྱུང་བར་གསུངས་པ་བཅས་མདོ་ཕྱོགས་ཀྱི་བཞེད་ཚུལ་དང་། སྔགས་ཕྱག་ཆེན་ཕྱོགས་ནས་སེམས་ཉིད་ལྷན་ཅིག་སྐྱེས་པ་ལས་བྱུང་བ་ཉི་མ་དང་ཟེར་གྱི་ཚུལ་དུ་བཞེད་ཅིང་། རྫོགས་ཆེན་པས་དེ་ཉིད་རང་བྱུང་ཡེ་ཤེས་ཀྱི་ཀློང་ནས་རྩལ་དང་རོལ་པའི་ཚུལ་གྱིས་འཆར་བ་རྒྱ་མཚོ་དང་རླབས་ཀྱི་རྣམ་པའམ། མེ་ལོང་དང་འོད་ཀྱི་དཔེས་གསུངས་པའི་གནད་རྣམས་ལེགས་པར་གོ་ན། ཚན་རིག་ནས་བཤད་པའི་ལྟོས་གྲུབ་དང་། གཟུགས་མེད་ནུས་ཁྱམ་གྱི་ཀློང་ནས་གཟུགས་ཅན་གྱི་གསོབ་རྡུལ་ཐོན་པར་བཤད་པ་དག་གནད་དང་བསམ་པའི་འབབ་ས་གཅིག་ཅིང་། ངོ་བོའི་ཆ་ནས་ཀྱང་སེམས་ཉིད་འཁོར་འདས་ཀྱི་གཞིར་གྱུར་པས་དངོས་མེད་དུ་སྨྲ་མི་གཏུབ་ཅིང་ དཔྱད་ན་གང་དུ་ཡང་མ་གྲུབ་པས་དངོས་ཆོས་སུ་ཡང་མི་རུང་བས་དངོས་དང་དངོས་མེད་ཀྱི་མཚམས་ཚིགས་དཀའ་བའི་ཟབ་དོན་དང་། ཁྱེད་ ཀྱིས་ཚན་རིག་པའི་རྣམ་གཞག་འཕྱོ་གཡེང་གི་དངོས་པོ་ནི་སྐྱེ་ལྡན་དང་སྐྱེ་མེད་ ཀྱི་དབྱེ་འབྱེད་དཀའ་བའི་མཚམས་ཚིགས་སུ་བཤད་ཡོད་ཅེས་པ་འདི་གཉིས་ཕལ་ཆེར་ཐོད་ ཐུག་མི་འདུག་གམ། དཔྱོད་པའི་བློ་རིམ་གྱི་ཆ་ནས་བསམ་ན་ཡང་ཁྱེད་རྣམས་ཀྱིས་ཚན་རིག་ལ་སྔ་རབས་རྡུལ་ཕྲན་སྨྲ་བ། ཉེ་རབས་ལྟོས་བཅས་སྨྲ་བ། དེང་རབས་ཚད་རྡུལ་སྨྲ་བ་གསུམ་ཡོད་པར་གསུངས་པ་ལས། དང་པོ་ལ་བྱེ་མདོ་གཉིས་ཀྱིས་གཏན་ལ་ཕབ་པའི་རྡུལ་ཕྲན་གྱི་རྣམ་གཞག་དང་མཐུན་ས་མང་ཞིང་། གཉིས་པ་ལ་དབུ་མས་བཤད་པའི་རྟེན་འབྱུང་ལྟོས་གྲུབ་དང་མཐུན་ཕྱོགས་ཡོད་ཅིང་། གསུམ་པ་སྔགས་ནས་བཤད་པའི་རང་བྱུང་རིག་པའི་དབྱིངས་ལས་ཕྲ་བ་དྭངས་མའི་གཟུགས་དང་། དེ་ ལས་ཀྱང་རགས་པའི་གཟུགས་རྡུལ་རྩལ་དང་རོལ་པའི་ཚུལ་གྱིས་བྱུང་བར་བཤད་པ་ཆེས་ མཐུན་པ་ཙམ་དུ་མ་ཟད་།འགས་གཏོར་ཆེན་མོ་ཞེས་པ་དེའང་རྫོགས་ཆེན་གྱི་རྒྱུད་ནས་ བཤད་པའི་གཞི་ལས་གཞི་སྣང་འཕགས་པའམ་གཞོན་ནུ་བུམ་པ་སྐུའི་ཡེ་རྒྱ་རལ་བ་སྟེ་ འཁོར་འདས་ཀྱི་སྣང་བ་སྣ་ཚོགས་པ་འདི་གཞོན་ནུ་བུམ་པ་སྐུའི་ཀློང་ན་ནང་གསལ་ཐིམ་ ལ་མ་རྨུག་པའམ་འཆར་རུང་གི་ཚུལ་དུ་ཡེ་ནས་ལྷུན་གྱིས་གྲུབ་པ་ཉིད་ཡེ་ཤེས་ཀྱི་རླུང་ཕྲ་མོས་ གཡོས་པས་རྐྱེན་བྱས་ཏེ། ཕྱི་གསལ་དུ་འཆར་ལུགས་སྒོ་བརྒྱད་ཀྱི་སྒོ་ནས་སྒྲ་འོད་ཟེར་གསུམ་དང་བཅས་སྐད་ཅིག་ལ་འཆར་བར་བཤད་པ་འདྲ་བོ་ཡོད། འཆར་ལུགས་སྒོ་བརྒྱད་ནི་། ཐུགས་རྗེ་ལྟར་འཆར་བའི་གོ་མ་འགག་པས་སེམས་ཅན་ལ་སྙིང་རྗེ་འབྱུང་། འོད་ལྟར་འཆར་བའི་གོ་མ་འགག་པས་ཡེ་ཤེས་ལྔའི་སྣང་བ་འཇའ་ཚོན་ལྟ་བུས་ཁེང་། ཡེ་ཤེས་ལྟར་འཆར་བའི་གོ་མ་འགག་པས་མི་རྟོག་པར་ནང་ན་གནས། སྐུ་ལྟར་འཆར་བའི་གོ་མ་འགག་པས་ཞི་ཁྲོ་འོད་གསལ་གྱི་སྐུས་ནམ་མཁའ་ཁེང་། གཉིས་མེད་ལྟར་ཤར་བས་གཅིག་དང་དུ་མར་མི་དཔྱོད་། མཐའ་གྲོལ་ལྟར་ཤར་བའི་གོ་མ་འགག་པས་ལྷུན་གྲུབ་རང་ངོ་ན་གསལ་བའོ་། རྒྱས་པར་ཤེས་འདོད་ན་ངག་ཆུང་ཡེ་ཤེས་བླ་མའི་རྒྱབ་ཆོས་སོགས་སུ་གསལ། དང་ པོ་ལ་གཞན་ལས་མ་དག་པ་ལྟར་ཤར་བས་འཁོར་འདས་གོ་མ་འགག་ཞེས་འབྱུང་བ་བཞིན་བྱས་ནས་ ཐུབ་དྲུག་དང་རིགས་དྲུག་གི་སྣང་བ་ལ་སྦྱར་ན་གོ་དོན་སློང་ཆེ་། སྔགས་ ཕྱག་ཆེན་ཕྱོགས་ནས་ཉི་མ་དང་ཟེར་གྱི་ཚུལ་ལྟར་ལྷན་ཅིག་སྐྱེས་པའི་ཡེ་གདང་དུ་ཇི་ ལྟར་བསྟན་པའི་ཚུལ་ཡང་ཟབ་མོ་ནང་དོན་གྱི་འགྲེལ་བ་ཟབ་དོན་སྣང་བྱེད་ལས། གཞིའི་འོད་གསལ་མི་ཤིག་པའི་ཐིག་ལེ་ཆེན་པོ་དེ་ཉིད་འགྱུར་བྱེད་གྱི་རླུང་གིས་བསྐྱོད་ནས་སེམས་ཡིད་ཆུ་རླབས་ལྟར་གཡོས་པ་ལས། གཟུང་བྱའི་དོན་དང་འཛིན་བྱེད་ཀྱི་འཛིན་པ་གཉིས་དོན་ལ་ཐ་དད་མེད་བཞིན་དུ་ཐོག་མ་མེད་པའི་བག་ཆགས་ཀྱིས་གཉིས་སུ་སྣང་བས། སེམས་རང་གིས་རང་ལ་རྣམ་པ་ཆད་དུ་གཏད་ཅིང་བདག་གཞན་དུ་གཟུང་བས་སྣང་བ་དང་། དེ་ལས་མཆེད་པ་དང་། དེས་ཡུལ་ལ་ཉེ་བར་ཐོབ་པ་སྐྱེ། ཡིད་དེ་ཉིད་ཕྱིར་འགྱུས་པའི་སྣང་ཆ་ལས་ཕྱི་རོལ་གྱི་ཡུལ་ལ་དོན་དུ་གཟུང་བ་བྱུང་ཞིང་དེ་ལས་རྣམ་ཤེས་ཚོགས་དྲུག་པོ་བྱུང་བས་དེ་ལྟར་འཁྲུལ་ལོ། ཞེས་ པ་ནས་དེ་ལ་འཁོར་བའི་སྣང་ཚུལ་ཡང་མི་ཤིག་པའི་ཐིག་ལེ་ལྷན་ཅིག་སྐྱེས་པའི་གཡོ་བ་ དང་བཅས་པ་དཀར་ཆས་དབང་བྱས་པ་ལས་བདག་ཏུ་རྟོག་པའི་སྣང་བ་གསུམ་གྱི་འཆར་སྒོ་ལས་ དཀར་དམར་རླུང་གསུམ་གྱི་ངེས་པ་ཡུལ་དུ་སྣང་བ་ཉིད་ཀྱིས་འདོད་པ་དང་གཟུགས་དང་གཟུགས་མེད་པ་སྟེ་ཁམས་གསུམ་གྱི་སྣང་བ་འབྱུང་ཞིང་། འཆར་སྒོ་བཞི་འགྲོས་སུ་ཕྱེ་ན་དམྱལ་བ་ཡེ་ཤེས་ཀྱི་རང་སྣང་དུ་འཆད་དགོས་སོ། ལྔ་འགྲོས་ལ་སོགས་པ་འབྱུང་བའི་ཚུལ་ཡང་། མི་ཤིག་པའི་ཐིག་ལེ་དེ་ཉིད་ཁམས་ལྔའི་བདག་ཉིད་ཅན་ཡིན་པས་དེ་ལས་གཞན་རྟོག་ཕུང་པོ་ལྔ་ལ་སོགས་པར་སྣང་ཤིང་།ཞེས་དང་། མྱང་འདས་ཀྱི་སྣང་བ་འཆར་བའི་ཚུལ་ནི་། དེ་ ཉིད་མ་འགག་རོལ་པ་ལས།ཞེས་སོགས་ཀྱིས་བསྟན་པ་ལྟར་མི་ཤིག་པའི་ཐིག་ལེ་རང་ངོ་ཤེས་ པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་གསུམ་གྱི་འཆར་སྒོ་ལས་དཀར་དམར་རླུང་གསུམ་གྱི་རང་གི་ངོ་བོ་ཡུལ་དུ་སྣང་བ་ཉིད་ཀྱིས་སྤྲུལ་པ་དང་ལོངས་སྤྱོད་རྫོགས་ པ་དང་ཆོས་ཀྱི་སྐུ་སྟེ་སྐུ་གསུམ་གྱི་སྣང་བ་འབྱུང་ཞིང་། འཆར་སྒོ་བཞི་འགྲོས་སུ་ཕྱེ་ན་ངོ་བོ་ཉིད་སྐུ་ཡེ་ཤེས་ཀྱི་རང་སྣང་དུ་འདོད་དགོས་སོ།། དེ་ལས་སྐུ་ལྔ་དང་རིགས་དྲུག་དང་རིགས་ཆུང་ཉི་ཤུ་རྩ་ལྔ་དང་དམ་པ་རིགས་བརྒྱ་ལ་ སོགས་པ་མཐའ་ཡས་པའི་ཚུལ་ཡང་སྤྲོས་སྟེ་ཤེས་པར་བྱའོ།། ཞེས་སོགས་དང་ལམ་ལ་ཡང་སྦྱར་ནས་ཇི་སྐད་འབྱུང་བ་ལྟར་རོ་།། དེ་ནི་སྐབས་འདི་ཙམ་དུ་མ་ཟད་ཁྱོད་ཀྱིས་བརྒལ་བའི་སྐབས་དོན་མང་པོ་ཞིག་ལ་ཡང་དངོས་ཤུགས་ཀྱིས་འབྲེལ་ནས་འདུག་པས་འདིས་རྒྱས་པར་དྲངས་སོ། ཡང་དཀོན་མཆོག་སྨྲ་བ་ཚོས་དཀོན་མཆོག་གི་ཁུངས་ལྷ་སྒྲུང་དང་།ལས་འབྲས་སྨྲ་བ་ཚོས་ལས་འབྲས་ཀྱི་ཁུངས་རྟོག་བཏགས། རྒྱུ་གཉིས་སྨྲ་བ་ཚོས་རྒྱུ་གཉིས་ཀྱི་ཁུངས་འོལ་ཚོད་ཙམ་དང་། སེམས་གཙོ་སྨྲ་བས་དངོས་པོའི་བྱུང་རིམ་ཉམས་མྱོང་གི་ལམ་ནས་དང་། དངོས་གཙོ་སྨྲ་བ་ཚོས་འདུ་ཤེས་ཀྱི་འཕེལ་རིམ་ལོ་རྒྱུས་ཀྱི་ལམ་ནས། ཚན་རིག་པ་ཚོས་འབར་གས་ཆེན་མོ་གཏན་སྲོལ་གྱི་ལམ་ནས་སྒྲུབ་པར་བྱེད་ཅེས་བཤད་པ་ལྟར་ན། འདིར་ཡང་རང་བྱུང་ཆེན་མོ་ཆོས་ཉིད་དམ་གཏན་སྲོལ་གྱི་ལམ་ནས་བསྒྲུབ་ཐུབ་ཅིང་།དེ་ཡང་། བདག་ཉིད་གཅིག་པས་འཁྲུལ་གཞི་བྱས།། ལྷན་ཅིག་སྐྱེས་པས་འཛིན་པ་གཉིས།། ཀུན་ཏུ་བཏགས་ལས་ཡུལ་དུ་གྱུར།། ཞེས་པ་བཞིན་མ་རིག་པ་ཆེ་འབྲིང་ཆུང་གསུམ་ལས་སྲིད་པ་འདི་ཉིད་ལུགས་སུ་འབྱུང་བའི་ཚུལ་གོ་ན། ལས་འབྲས་ཀྱི་ཁུངས་ཡང་རྟོག་བཏགས་ཙམ་ལ་བཅོལ་མི་དགོས་སོ། ཡང་ཁྱེད་ཀྱིས་ཐམས་ཅད་འཁྲུལ་བ་ཡིན་ཟེར་བ་མི་འཐད་དེ། དེ་ལྟར་ཟེར་མཁན་ཁོ་རང་ཡང་འཁྲུལ་བའི་ཕྱིར་ཞེས་པ་ལྟར། དེ་འདྲའི་གཞོན་ནུ་བུམ་སྐུ་དེ་སུས་བཟོས་པ་དང་ཡེ་ཤེས་ཀྱི་རླུང་དེ་རང་སུས་གཡོས་པ་རེད་སོགས་ངེད་ལ་བརྒལ་བའི་བཟོ་མི་འདུག་སྟེ། ལོག་ རྟོགས་སྙིང་སྟོབས་ལས།དཀོན་མཆོག་སྨྲ་བའི་ཆོས་པ་ཚོས་འཇིག་རྟེན་དཀོན་མཆོག་གིས་ བསྐྲུན་པར་བཤད་པ་ཙམ་ལས་དཀོན་མཆོག་རང་ཉིད་ཇི་ལྟར་བྱུང་བ་དང་བསྐྲུན་པའི་ དམིགས་ཡུལ་གང་འདྲ་ཡིན་པ་བཤད་རྒྱུ་མེད་ཞེས་པ་ནས་ཚན་རིག་པས་ཀྱང་འཇིག་རྟེན་ འདིའི་འབྱུང་ཁུངས་གས་གཏོར་ཆེན་མོ་ཡིན་ཞེས་པ་ཙམ་ལས་ནུས་པའི་རྦ་ཀློང་ཇི་ལྟར་ བྱུང་བ་དང་འགས་གཏོར་ཆེན་མོ་ཅིའི་ཕྱིར་བྱུང་བ་ཤོད་ཀྱིན་མེད་ཅེས་གསལ་བཤད་གནང་ བ་ཙམ་ལས་བརྒལ་བརྟགས་ཅི་ཡང་མ་མཛད་པར་བསམ་ཤེས་བྱས་འདུག་པས་སོ།། རིགས་དབང་ངྷརྨའི་མིང་གིས་དེང་སང་སྐྱེ་བ་མེད་པ་དང་བསམ་གྱིས་མི་ཁྱབ་སོགས་ཟེར་བའི་ལུང་ཞིག་བྱུང་ན་ཐོག་མར་མཛད་པ་པོ་སུ་ཡིན་བལྟས་ཏེ། ལུང་དེ་གསུང་བ་པོ་བོད་སྔ་མ་ཞིག་ཡིན་ན་ལམ་སེང་འགོག་ཅིང་། གལ་ཏེ་ཀླུ་སྒྲུབ་སོགས་ཀྱིས་གསུངས་འདུག་ན་དགོངས་པ་གང་ཡིན་འཚོལ་ཁུལ་བྱེད་ཅེས་གསུངས་པ་ལྟར། ང་ཚོས་ཀྱང་ཆོས་ལུགས་པ་ཞིག་གིས་བཤད་འདུག་ཚེ་བརྒལ་བརྟགས་ཀྱི་ལས་ལ་བརྩོན་ཞིང་། ཚན་རིག་པ་ཞིག་གིས་སྨྲས་འདུག་ན་བསམ་ཤེས་ཀྱིས་བག་ཡངས་སུ་འཇོག་གནང་བ་དེ་འདྲ་ནི་ནམ་ཡང་མཛད་མི་ཉན་ཞེས་ནང་མའི་ཚུལ་དུ་ཞུས་པ་ཡང་བར་སྐབས་ཀྱི་ངལ་གསོ་བའོ།

ཚན་རིག་མཁན་པོས་ནུས་པའི་རྦ་ཀློང་རྙེད་།

གྲུབ་རིགས་རྒན་པོ་རིག་པའི་རྦ་ལ་གཡེང་།

རགས་པའི་སྣང་བ་དཔྱད་ཚེ་རྡུལ་དུ་དེང་།

རྡུལ་ཡང་མ་གྲུབ་རང་བྱུང་རིག་པའི་རྩལ།
དབུ་མ་རང་གཞན་ཀྱི་གནད་ལས་ འཕྲོས་པའི་སྤྲོས་བྲལ་སྤྱི་བཤད། ད་དུང་ཁྱེད་ཀྱི་ཐུགས་ལ་མི་འབབ་ཤོས་དེ་ཡོད་མིན་མེད་མིན་ཞེས་པའི་མིང་འདོགས་ཅན་གྱི་སྤྲོས་བྲལ་དེ་ཡིན་འདྲ་ན་། དེའི་ གོ་ཚུལ་རྒྱས་ཙམ་ཞིག་ཞུ་དགོས་འདྲ་མོད་ཁོ་བོ་ལེ་ལོའི་ནད་འདིས་གཙེས་དྲགས་ནས་ ལས་སུ་བྱ་བ་དེ་རིགས་ཆེར་མི་ལྕོག་པར་འདུག་པས་རང་གི་སྔ་རྩོམ་དྲངས་ངེས་དགོངས་ གསལ་ལས་ཇི་སྐད་འབྱུང་བ་བཞིན་འདིར་དྲངས་ན། དེ་ཉིད་ལས།དེའང་ཤིང་རྟ་ཆེན་པོ་གཉིས་ཀྱི་བཀའ་སྲོལ་གྱི་གཙོ་བོ་གཏན་ལ་དབབ་བྱ་།འབེབ་བྱེད་། དགག་བྱ་བཅས་རྣམ་པ་གསུམ་དུ་(བསྡུས་ནས་ལེགས་པར་གསུངས་པ་བཞིན། ཀླུ་སྒྲུབས་ཡབ་སྲས་ཀྱིས། བདག་ལས་མ་ཡིན་གཞན་ལས་མིན། གཉིས་ལས་མ་ཡིན་རྒྱུ་མེད་མིན། དངོས་པོ་གང་དག་གང་ན་ཡང། སྐྱེ་བ་ནམ་ཡང་ཡོད་མ་ཡིན། ཞེས་དང།སྟོང་ངོ་ཞེས་ཀྱང་མི་བརྗོད་ཅིང་། མི་སྟོང་ཞེས་ཀྱང་མི་བྱ་སྟེ། གཉིས་དང་གཉིས་མིན་མི་བྱ་ཏེ། གདགས་པའི་དོན་དུ་བརྗོད་པར་བྱ། ཞེས་པ་ལྟར། སྤྱི་མཚན་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པ་དང་བྲལ་བ་གཏན་ལ་དབབ་བྱའི་གཙོ་བོར་མཛད་ནས། དགག་བྱ་བདག་བདེན་གཉིས་པོ། འགོག་བྱེད་རིགས་ཆེན་ལྔ་སོགས་དགག་པའི་གཏན་ཚིག་རྣམས་རྒྱ་ཆེར་འཆད་ལ་།མགོན་པོ་བྱམས་པ་དང་ཐོགས་མེད་ཡབ་སྲས་ཀྱིས། ཐོག་མ་མེད་པའི་དུས་ཀྱིས་དབྱིངས། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། དེ་ཡོད་པས་ན་འགྲོ་ཀུན་དང་།། མྱ་ངན་འདས་པའང་འཐད་པ་ཡིན། ཞེས་པ་ལྟར།རང་མཚན་སེམས་ཀྱི་གནས་ལུགས་འོད་གསལ་དེ་ཉིད་གཙོ་བོར་གཏན་ལ་འབེབ་པའི་དབང་གིས། དེ་སྒྲུབ་ཀྱི་གཏན་ཚིགས་ཀྱང་། རྫོགས་སངས་སྐུ་ནི་འཕྲོ་ཕྱིེར་དང་།།དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་།། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན།། རྟག་ཏུ་སངས་རྒྱས་སྙིང་པོ་ཅན། ཞེས་པ་ལྟར་། ངོ་བོ་ཆོས་ཉིད་ཀྱི་རིགས་པ་དང་། འབྲས་བུ་ལྟོས་པའི་རིགས་པ། རྒྱུ་བྱ་བ་བྱེད་པའི་རིགས་པ། མཇུག་འཐད་པ་བསྒྲུབ་པའི་རིགས་པ་སྟེ་སྒྲུབ་པའི་གཏན་ཚིགས་རྣམས་གཙོ་བོར་འཆད་ཅིང་། དགག་བྱ་ཡང་།རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། གློ་བུར་དག་གིས་ཁམས་སྟོང་གི།། རྣམ་དབྱེར་མེད་པའི་མཚན་ཉིད་ཅན།། བླ་མེད་ཆོས་ཀྱིས་སྟོང་མ་ཡིན། ཞེས་གསུངས་པ་ལྟར། སྙིང་པོ་ལ་འབྲལ་དུ་རུང་བ་། མ་དག་གཟུང་འཛིན་གྱི་ཆོས་གློ་བུར་བ་རྣམས་ལ་གཙོ་བོར་བྱེད་པའི་དབང་གིས་ལུགས་གཉིས་པོ་བྱུང་བ་ཡིན་ནོ།། འོ་ན་ཀུན་མཁྱེན་དོལ་པོ་ཡབ་སྲས་ཀྱི་ཐུན་མིན་གྱི་ལྟ་བའི་འཇོག་མཚམས་ནི་གང་། ལུགས་དེས་ཆོས་ཉིད་དོན་དམ་བདེན་གྲུབ་དུ་བཞེད་དམ་མི་བཞེད་ཅེ་ན། གཞན་སྟོང་པའི་གཞུང་རྣམས་ལས་རྟག་པ་དང་། བདེན་གྲུབ་སོགས་ཀྱི་ཚིག་དུ་མ་འབྱུང་བར་མཁས་པ་མང་པོས། དེ་ནི་།གཙང་བདག་བདེ་དང་རྟག་ཉིད་ཀྱི།། ཡོན་ཏན་ཕ་རོལ་ཕྱིན་པ་འབྲས།། ཞེས་པ་ལྟར་རྟག་མི་རྟག་གི་མཐའ་ལས་འདས་པའི་རྟག་པ་དམ་པ་སོགས་སུ་བཀྲལ་ནས་སྤྱིར་བཏང་གི་སྤྲོས་བྲལ་དང་ཁྱད་མེད་པ་ལྟར་བྱེད་མོད། དེ་ནི་ཅུང་གནད་མ་ཕིགས་པ་སྟེ། དེ་ལྟར་ན་འཁོར་ལོ་བར་མཐའ་གཉིས་དང་ཤིང་རྟའི་བཀའ་སྲོལ་ཆེན་པོ་གཉིས་སོགས་འབྱུང་བ་ལ་ཟབ་གནད་དང་དགོས་པ་ཅི་ཡང་མེད་པའི་ཕྱིར་རོ།། འོ་ན་གཞན་སྟོང་བ་རྣམས་ཀྱིས་གཤེགས་སྙིང་ངམ་ཆོས་ཉིད་བདེན་གྲུབ་ཏུ་འདོད་དམ། ཞེ་ན། དེ་ལ་མཁས་པ་རྣམས་ཀྱི་བཞེད་ཚུལ་མི་འདྲ་སྟེ། འཇམ་མགོན་པདྨ་རྣམ་རྒྱལ་གྱིས་ནི། ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་འབྲང་རང་སྟོང་བ་རྣམས་ཀྱིས། དབྱིངས་སྟོང་པ་ཉིད་གཙོ་བོར་གཏན་ལ་འབེབ། དེ་ལྟ་ནའང་གསལ་བའི་ཡེ་ཤེས་མི་བཞེད་པ་མིན་ཏེ། ཆོས་དབྱིངས་བསྟོད་པ་དང་། འཇུག་པ་སོགས་ལས་གསལ་བར་བསྟན། ཐོགས་མེད་ཡབ་སྲས་ཀྱིས་གསལ་བའི་ཡེ་ཤེས་སམ། ཆོས་ཉིད་འོད་གསལ་གྱི་དོན་གཙོ་བོར་གཏན་ལ་འབེབ། དེ་ལྟ་ནའང་། དེ་ཉིད་ངོ་བོས་མི་སྟོང་བར་འདོད་པའང་མིན་ཏེ། ཏཱ་ར་ན་ཐའི་དབུ་མའི་ཐིག་ལེ་ལས། སྣང་སྟོང་ཟུང་འདུག་གསལ་སྟོང་ཟུང་དུ་འཇུག། རིག་སྟོང་ཟུང་འཇུག་བདེ་སྟོང་ཟུང་དུ་འཇུག། ཅེས་སོགས་ཆོས་ཐམས་ཅད་ཟུང་འཇུག་བཞིའི་ཆིངས་སུ་བཅིངས་ཏེ། གསུངས་པའི་ཕྱིར་རོ། ཞེས་སོགས་གསུངས་ཤིང་། འཇམ་མགོན་མི་ཕམ་སོགས་ཀྱང་དེ་དང་ཕྱོགས་མཚུངས། འོན་ཀྱང་གཞན་སྟོང་ལ་ཐུགས་གཙིགས་ཆེས་ཆེ་བ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། ཤེས་བྱ་མཛོད་ལས་གནད་བསྡུས་ན་འདི་ལྟར་གསུངས་ཏེ། ཀུན་རྫོབ་གཟུང་འཛིན་ནི་འཁྲུལ་བའི་སྣང་བ་ཤར་བ་ཙམ་མ་གཏོགས། རང་གི་ངོ་བོས་གྲུབ་རྒྱུ་མེད་པའི་ཕྱིར། རང་གི་ངོ་བོས་སྟོང་ལ། རང་གཞན་གྱིས་ཟླས་ཕྱེ་བའི་གཞན་གྱི་ངོ་བོར་གྲུབ་པ་ཤེས་བྱ་ལ་མི་སྲིད་པའི་ཕྱིར་རོ། རྣམ་པ་ཀུན་དུ་སྟོང་བས་མི་སྟོང་བ་མིན་ལ། ཡེ་ཤེས་ཆོས་ཉིད་དེ་ཉིད་ནི་རང་གི་ངོ་བོས་གདོད་མ་ནས་གྲུབ་ཅིང་། ནམ་དུ་ཡང་འགྱུར་བ་མེད་པའི་ཕྱིར། རང་གི་ངོ་བོས་སྟོང་བ་མ་ཡིན་ཞིང་རྟག་དུ་ཡོད་པས་སོ།། འོ་ན་མདོ་རྣམས་སུ་ཆོས་དབྱིངས་དེའང་སྟོང་པར་གསུངས་པ་མ་ཡིན་ནམ་ཞེ་ན། སྤྱིར་སྟོང་པ་དང་སྟོང་ཉིད་ཡིན་ཀྱང་། རང་གི་ངོ་བོས་སྟོང་པ་ཡིན་མི་དགོས་ཏེ། ཡེ་ཤེས་རང་ལས་གཞན་གྱི་མཚན་ཉིད་ཅན་གྱི་སྤྲོས་པའམ་གཟུང་འཛིན་གྱིས་སྟོང་བའི་སྟོང་ཉིད་ཅེས་བྱའོ། ཞེས་གསུངས་པས། ཆོས་ཉིད་རང་གི་ངོ་བོས་གྲུབ་ཅིང་། དེ་རང་གི་ངོ་བོས་མི་སྟོང་བས་རང་སྟོང་མིན་པ་དང་། འཁྲུལ་བའི་ཆོས་གཞན་གྱིས་སྟོང་བས་གཞན་སྟོང་ཡིན་པ་དང་། ཀུན་རྫོབ་འཁྲུལ་བའི་ཆོས་རྣམས་རང་གི་ངོ་བོས་མ་གྲུབ་པས་རང་སྟོང་ཡིན་པའི་ཁྱད་པར་ཆེས་གསལ་ལ། བདེན་གྲུབ་ཡིན་མིན་འདི་ནས་དེ་ཙམ་མི་གསལ་ཡང་། གཞན་སྟོང་རང་སྟོང་ཀུན་རྫོབ་སྟོང་ཚུལ་དང་། མཉམ་བཞག་སྤྲོས་མཐའ་འགོག་པ་ལ་ཁྱད་པར་མེད་། རྗེས་ཐོབ་ཐ་སྙད་ཆོས་ཉིད་ཡོད་མེད་དང་། དཔྱད་མཐར་ཡེ་ཤེས་བདེན་གྲུབ་མ་གྲུབ་ཁྱད། ཅེས་པའི་སྐབས་ནས་བདེན་གྲུབ་ཏུ་བཞེད་པ་ཆེས་གསལ་ཏེ།དབུ་མ་རང་དང་གཞན་སྟོང་གཉིས་སུ་གྲགས་པ་གཉིས་ཀར། ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་འབེབ་པའི་ཚུལ་དང་། མཉམ་ བཞག་ཏུ་སྤྲོས་བའི་མཐའ་ཐམས་ཅད་འགོག་པ་ལ་ཁྱད་པར་མེད་ཀྱང་རྗེས་ཐོབ་གྲུབ་མཐའ་ ཤན་འབྱེད་པའི་སྐབས་ཐ་སྙད་ཀྱི་ཁས་ལེན་ཙམ་དུ་ཆོས་ཉིད་དེ་བཞིན་ཉིད་ཡོད་དོ་ཞེས་ དང་། མེད་དོ་ཞེས་བའི་ཤེས་བརྗོད་ཀྱི་ཐ་སྙད་འདོགས་ཚུལ་དང་། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པ་མཐར་ཐུག་པའི་ཚེ་ན་གཉིས་མེད་ཀྱི་ཡེ་ཤེས་བདེན་པར་གྲུབ་པ་དང་། མ་གྲུབ་པའི་ལྟ་བའི་ཁྱད་པར་ཡོད་དོ། ཞེས་འབྱུང་བའི་ཕྱིེར་རོ། གཞན་སྟོང་པ་རྣམས་ཀྱི་རྩ་བའི་གཞུང་། ཀུན་མཁྱེད་དོལ་པོ་པས་མཛད་པའི་ངེས་དོན་རྒྱ་མཚོ་ལས་ཀྱང་ཕལ་ཆེར་དེ་དང་འདྲ་བ་གསུངས་ཏེ། དེ་ཉིད་ལས། འདི་དག་གིས་ཀྱང་། ཀུན་རྫོབ་རང་སྟོང་དང་དོན་དམ་གཞན་སྟོང་དུ་བསྟན་ཏོ། ཇི་ལྟར་བསྟན་ཅེ་ན། བཞི་བའི་སེམས་ཀྱི་དངོས་པོ་ནི་གློ་བུར་དྲི་མ་ཡིན་པའི་ཕྱིར་རང་སྟོང་ངོ་། དེ་མེད་པའི་གཞི་དོན་དམ་བདེ་གཤེགས་སྙིང་པོ་བདེ་བའི་སེམས་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ་ནམ་ཡང་མེད་པ་མ་ཡིན་ཞིང་། གཙང་བ་དང་། བདེ་བ་དང་། རྟག་པ་དང་། བདག་གི་མཐར་ཐུག་པ་ཡིན་པའི་ཕྱིར། རང་སྟོང་ནི་མིན་ལ། སྟོང་བ་ཆེན་པོ་ཡང་ཡིན་པའི་ཕྱིར། གཞུང་འདིས་ཀྱང་དོན་དམ་པ་གཞན་སྟོང་དུ་གྲུབ་བོ། དེ་བཞིན་དུ་གཉིད་སྟུག་དང་། རྨི་ལམ་དང་། སད་པའི་སེམས་ཀྱི་དངོས་པོ་རྣམས་ནི་རང་སྟོང་ངོ། དེ་རྣམས་མེད་པའི་གཞི་དོན་དམ་བདེ་གཤེགས་སྙིང་པོའི་ཐུགས་དང་གསུང་དང་སྐུའི་སེམས་རྣམས་ནི། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་བའི་སྐུ་དང་། དོན་དམ་པས་བསྡུས་པ་དག་སྟེ་དེ་དག་ཀྱང་གཞན་སྟོང་ངོ་། འདིར་སེམས་ཀྱི་དངོས་པོ་མེད་པའི་སེམས་ཞེས་པ་ལན་བཞི་གསུངས་པ་འདི་རྣམས་ཀྱང་། སྔར་མེད་པས་གང་ཞིག་གང་ན་མེད་པ་དེ་དེས་སྟོང་ངོ་། དེ་ལ་ལྷག་མ་གང་ཡིན་པ་རྟག་ཏུ་ཡོད་དོ་ཞེས་དང་། དེ་བཞིན་དུ་སེམས་གང་ཞིག་ཡོད་པའི་སེམས་ནི་སེམས་མེད་པ་ཞེས། རང་བཞིན་འོད་གསལ་གྱི་སེམས་ཡང་དང་ཡང་དུ་གསུངས་པ་ལས་ཀྱང་། དོན་དམ་གཞན་སྟོང་གསུངས་པ་ཁོང་དུ་ཆུད་དེ་འདིར་དོན་དམ་གྱི་སེམས་ནི་གནས་ལུགས་ལ་ཡོད་པའི་སེམས་སོ། ཀུན་རྫོབ་ཀྱི་སེམས་ནི་གནས་ལུགས་ལ་མེད་པའི་སེམས་སོ། དེ་ཕྱིར་སེམས་གང་ཞིག་ཡོད་པའི་སེམས་ཞེས་པ་དོན་དམ་བྱང་ཆུབ་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་སྟེ། སེམས་ཅན་ཀུན་གྱི་སེམས་ཆེན་པོ། རང་བཞིན་དག་ཅིང་དྲི་མ་མེད་།གསུངས་པ་ཡང་དེ་ཡིན་ནོ། དེ་ནིསེམས་མེད་པ་ཞེས་རང་གི་ངོ་བོར། སེམས་དང་ཡིད་དང་། རྣམ་པར་ཤེས་པ་མེད་པ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། དེས་ན་ཀུན་རྫོབ་རང་སྟོང་གིས་སྟོང་བའི་གཞི་ལ། དོན་དམ་གཞན་སྟོང་གི་སེམས་རང་བཞིན་པར་རྟག་ཏུ་བཞུགས་པར་དགོངས་སོ། ཞེས་དང་། ཡང་གལ་ཏེ་དོན་དམ་ཆོས་ཉིད་རང་སྟོང་མ་ཡིན་པར་གཞན་སྟོང་ཡིན་ན། དེ་ཉི་ཚེ་བའི་སྟོང་ཉིད་ཡིན་པས། མུ་སྟེགས་པའི་ལུགས་སུ་འགྱུར་ཏེ། ཉི་ཚེའི་སྟོང་ཉིད་མུ་སྟེགས་ཅན་རྣམས་ཀྱི། ཞེས་གསུངས་པའི་ཕྱིར་རོ། ཞེ་ན། ཉི་ཚེ་བའི་སྟོང་ཉིད་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་རོ། གལ་ཏེ་ཆོས་ཐམས་ཅད་ཀྱིས་སྟོང་ན། ཆོས་ཉིད་ཀྱང་སྟོང་པར་འགྱུར་ཏེ། ཐམས་ཅད་ཀྱི་ཁོངས་སུ་ཆོས་ཉིད་ཀྱང་གཏོགས་པའི་ཕྱིར་རོ་ཞེ་ན། ཆོས་ཐམས་ཅད་ཀྱིས་སྟོང་བ་མི་སྲིད་དེ། ཆོས་ཉིད་ཀྱིས་སྟོང་བ་མི་སྲིད་པའི་ཕྱིར་རོ། ཐམས་ཅད་ཀྱིས་སྟོང་བའི་གཞི་ནི་སྲིད་དེ། ཆོས་ཉིད་དེ་ཐམས་ཅད་ཀྱི་སྟོང་བའི་གཞི་ཡིན་པའི་ཕྱིར་རོ། ཆོས་ཉིད་ཀྱིས་སྟོང་བའི་གཞི་ནི་མི་སྲིད་དེ།ཧ་ཅང་ཐལ་བ་དཔག་ཏུ་མེད་པས་གནོད་པའི་ཕྱིར་རོ། དེས་ན་ཐམས་ཅད་ཀྱིས་སྟོང་བ་དང་། ཆོས་ཐམས་ཅད་ཀྱིས་སྟོང་བ་ནི་ཤིན་ཏུ་ཁྱད་པར་ཆེ་སྟེ། ཞེས་གནས་སྐབས་གསུམ་གྱིས་བསྡུས་པའི་སེམས་དང་སེམས་ལས་བྱུང་བ་རང་སྟོང་།སྐུ་བཞིས་ བསྡུས་པ་གཞན་སྟོང་།སེམས་དང་།ཡིད་དང་།རྣམ་པར་ཤེས་པས་བསྡུས་པའི་ཀུན་རྗོབ་པའི་ སེམས་རང་སྟོང་།སེམས་ཆེན་པོ་དང་།འོད་གསལ་བ་།ཆོས་ཀྱི་དབྱིངས་བཅས་ཀྱིས་བསྡུས་ པ་དོན་དམ་པའི་སེམས་གཞན་སྟོང་སྟེ།ཀུན་རྗོབ་པའི་ཆོས་སྟོང་བྱ་དང་།དོན་དམ་པའི་ སེམས་སྟོང་གཞིར་བྱས་ནས་།དེ་ལ་རྩོད་པ་སྤོང་བའི་ཚུལ་དུ་སྟོང་གཞི་དོན་དམ་པའི་ སེམས་དེ་ཀུན་རྗོབ་པའི་ཆོས་ཐམས་ཅད་ ཀྱིས་སྟོང་ཡང་།ཆོས་ཐམས་ཅད་ཀྱིས་མི་སྟོང་ བའི་ཁྱད་པར་རམ་ཞིབ་ཆ་ཞིག་མཛད་ནས་དོན་དམ་བདེན་པ་ཆོས་སམ་ཤེས་བྱ་ཉིད་དུ་གསལ་ བར་ཞལ་གྱིས་བཞེས་པ་སྟེ་གོ་སླ། འོན་ཀྱང་འདི་ཉིད་ལས་ཆོས་ཉིད་དོན་དམ་དུ་གྲུབ་པ་སོགས་ལས་བདེན་གྲུབ་ཏུ་དངོས་སུ་གསུངས་པ་ཁོ་བོས་མ་མཐོང་། འོ་ན་ཐམས་ཅད་མཁྱེན་པ་རང་བྱུང་ཞབས་དང་། ཀུན་མཁྱེན་ཀློང་ཆེན་པ། སྨིན་གླིང་ཡབ་སྲས་སོགས་གཞན་སྟོང་པ་ཡིན་པར་ཤེས་བྱ་མཛོད་ལས་གསུངས་པ་ལྟར་ཡིན་ནམ་ཞེ་ན། དེ་ནི་དེ་དག་གིས་སྤྱིར་གཤེགས་སྙིང་བསྟན་པའི་མདོ་དང་བསྟན་བཅོས་རྣམས་ངེས་དོན་དུ་ ཁས་ལེན་པའི་དབང་གིས་གཤེགས་སྙིང་དོན་དམ་བདེན་པ་ཡིན་པ་དང་། དེ་ལ་སྟོབས་སོགས་འབྲས་ཆོས་རྣམས་ཀྱང་འདུས་མ་བྱས་དོན་དམ་བདེན་པར་བཞེད་པ། དེ་བཞིན་སེམས་ཀྱི་རང་བཞིན་འོད་གསལ་བ་རྩལ་དུ་འདོན་པ་སོགས་ཀྱི་ཆ་ནས་ཆོས་མཐུན་པ་ལ་དགོངས་ཀྱི། དངོས་སུ་རང་གཞན་ཀྱི་མིང་གང་ལ་འདོགས་པའི་གཞི་ཆོས་ཉིད་དོན་དམ་བདེན་པ་རང་གི་ངོ་བོས་སྟོང་མི་སྟོང་དང་། གྲུབ་མ་གྲུབ་བཅས་ཀྱི་ཆ་ནས་ཁྱད་པར་ཤིན་དུ་ཆེ་སྟེ། རང་བྱུང་ཞབས་ཀྱིས།ཐམས་ཅད་བདེན་མིན་རྫུན་མིན་ཏེ། ཆུ་ཟླ་བཞིན་དུ་མཁས་རྣམས་བཞེད། ཅེས་དང་། ཕྱག་ཆེན་སྨོན་ལམ་ལས། ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས། མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། འགལ་འདུ་མ་ཡིན་ཟུང་འཇུག་དབུ་མའི་ལམ། མཐའ་བྲལ་སེམས་ཀྱི་ཆོས་ཉིད་རྟོགས་པར་ཤོག ཅེས་དང་། སེམས་ནི་སེམས་མེད་སེམས་ཀྱི་ངོ་བོས་སྟོང་། སྟོང་ཞིང་མ་འགག་ཅིར་ཡང་སྣང་བ་སྟེ། ལེགས་པར་བརྟགས་ནས་གཞི་རྩ་ཆོད་པར་ཤོག ཅེས་སོགས་གསུངས་ཤིང་། ཀུན་མཁྱེན་ཀློང་ཆེན་པའི་ཆོས་དབྱིངས་མཛོད་ལས་ཀྱང་། ཡོད་པ་མ་ཡིན་དངོས་པོ་མཚན་མ་མེད། མེད་པ་མ་ཡིན་འཁོར་འདས་ཀུན་ལ་ཁྱབ། ཡོད་མེད་མ་ཡིན་ལྷུན་མཉམ་གདོད་མའི་དབྱིངས།། ཕྱོགས་དང་རིས་མེད་དངོས་པོ་གཞི་རྩ་མེད།། ཅེས་དང་། ཡོད་མེད་ཡེ་གྲོལ་མཐའ་ལས་འདས་པར་གྲོལ།། རྟག་ཆད་ཡེ་གྲོལ་གཞི་རྩ་མེད་པར་གྲོལ།། འཁོར་འདས་འཁྲུལ་གཞི་གདོད་མའི་དབྱིངས་སུ་སངས།། དབྱིངས་ཞེས་ཐ་སྙད་བློ་ཡི་ཆོས་འདས་པས།། ཞེས་སོགས་དང་། འཇིགས་གླིང་གིས། བསམ་གྱིས་མི་ཁྱབ་སྒྲོ་འདོགས་ཀུན་དང་བྲལ།། ཡོད་དང་མེད་པའི་ཕྱོགས་འཛིན་རྣམ་པར་ཞིག། །འདི་དོན་བརྗོད་ལ་རྒྱལ་བའི་ལྗགས་ཀྱང་སྡུག།།ཅེས་དང་། ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལ། རང་གཞིན་གསལ་བས་ཆད་པའི་མུ་དང་བྲལ། ཐུགས་རྗེ་འགག་མེད་སྣ་ཚོགས་སྤྲུལ་བའི་གཞི། གསུམ་དུ་དབྱེ་ཡང་དོན་ལ་ཐ་མི་དད། ཅེས་སོགས་རང་བྱུང་རྒྱལ་བ་དང་། ཀློང་ཆེན་ཡབ་སྲས་ཀྱི་གསུང་ལ་ཁོ་བོ་རྒྱུས་ཅུང་ཡོད་པས། གཞན་སྟོང་དངོས་དང་སྒྲོས་མི་མཐུན་པ་ཤིན་ཏུ་མང་བར་སེམས་ཤིང་འཇམ་མགོན་མི་ཕམ་པས་ཀྱང་། འཕགས་ཡུལ་དཔལ་ལྡན་ཟླ་བ་དང་། བོད་ན་རོང་ཟོམ་ཆོས་བཟང་གཉིས། དགོངས་པ་གཅིག་དང་དབྱངས་གཅིག་གིས། ཀ་དག་སྟོང་པ་ཆེན་པོར་བསྒྲུབ། ཅེས་དང་། གཞན་སྟོང་སྒྲུབ་པའི་ཁུར་ཀྱང་བདག་ལ་མེད། རོང་ཀློང་རྣམ་གཉིས་ཀླུ་སྒྲུབ་གཞུང་དང་མཐུན། དམན་པ་བདག་ཀྱང་རྩེ་གཅིག་དེར་ཕྱོགས་མོད། ཞེས་སོགས་གསུངས་པས་ཀྱང་རོང་ཀློང་ཡབ་སྲས་དང་། དབུ་མ་གཞན་སྟོང་པའི་ལྟ་གྲུབ་ཁྱད་པར་ཆེ་བ་ཤེས་ནུས་པའི་ཕྱིར་རོ། གཉིས་པ། མཐར་ཐུག་གི་དགོངས་པ་གཉིས་པོ་མི་འགལ་བའི་ཚུལ་ཅུང་ཟད་བཤད་པར་བྱ་བ་ལ། ཁ་ཅིག དེ་ལྟར་ན ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་སུ་འབྲངས་པ་རང་སྟོང་པ་དང་། ཐོགས་མེད་ཡབ་སྲས་ཀྱི་རྗེས་འབྲང་གཞན་སྟོང་པ་གཉིས་མཐར་ཐུག་གི་ལྟ་བའི་གནད་ཅི་ལྟར་འགལ་བར་མི་འགྱུར་ཏེ། སྔ་མས་མཐར་ཐུག་དཔྱོད་པའི་རིག་ངོར། ཆོས་ཉིད་དོན་དམ་པ་ཡང་རང་གི་ངོ་བོ་མ་གྲུབ་པ་དང་། ཡོད་པ་མ་ཡིན་པ། བདེན་པར་མ་གྲུབ་པ། རང་གི་ངོ་བོས་སྟོང་བ་སོགས་སུ་ཁས་ལེན་ཅིང་། ཅིག་ཤོས་དེ་ལས་ལྡོག་པ་དང་། སྔ་མས་གཟུགས་སྐུ་གཉིས་ཀྱིས་མཚོན་པའི་སྟོབས་སོགས་བྲལ་སྨིན་གྱི་ཆོས་རྣམས་འདུས་བྱས་ཀུན་རྫོབ་པའི་ཆོས་སུ་བཞེད་ཀྱང་། ཕྱི་མས་དེ་དག་འདུས་མ་བྱས་དོན་དམ་པར་འདོད་པ་སོགས་ཁས་ལེན་གྱི་གཙོ་བོ་རྣམས་དངོས་སུ་འགལ་བའི་ཕྱིར་རོ་སྙམ་པ་ལ། སྤྱིར་དེ་འདྲའི་ཁྱད་པར་གཉིས་པོ་འབྱུང་བའི་རྒྱུ་མཚན།གཏན་ལ་དབབ་བྱ། འབེབ་བྱེད། འབེབ་ཚུལ། དགག་བྱ་བཅས་ཀྱི་གནད་མི་འདྲ་བའི་དབང་གིས་ཡིན་ཚུལ་གོང་དུ་བཤད་ཟིན་པ་ལྟར་ཡང་། འདིར་ད་དུང་ཟབ་གནད་ལྟ་བུ་འགའ་ཞིག་བཤད་ན། སྔ་མས་རྩ་ཤེས་ལས། གཞན་ལས་ཤེས་མིན་ཞི་བ་དང་། སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། རྣམ་རྟོག་མེད་དོན་ཐ་དད་མིན། དེ་ནི་དེ་ཡི་མཚན་ཉིད་དོ། ཞེས་དང་། འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་པར་མཐོང་བ་ཡིས།། དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར།། ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ།། མཐོང་བ་རྫུན་ཀུན་པ་རྫོབ་བདེན་པར་གསུངས།། མཐོང་བ་རྫུན་པའང་རྣམ་པ་གཉིས་འདོད་དེ།། དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ།། སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི།། དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད།། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས།། གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི།། འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག། ཅེས་སོགས་གསུངས་པ་ལྟར། སྣང་སྟོང་གཉིས་ལས་སྟོང་བ། སྤྲོས་དང་སྤྲོས་མེད་གཉིས་ལས་སྤྲོས་བྲལ། འདུས་བྱས་འདུས་མ་བྱས་གཉིས་ལས་འདུས་མ་བྱས། དངོས་དང་དངོས་མེད་གཉིས་ལས་དངོས་མེད། བདེན་གྲུབ་དང་བདེན་མེད་གཉིས་ལས་ཕྱི་མ། དགག་སྒྲུབ་གཉིས་ལས་དགག་པ་བཅས་ཀྱི་ཁོངས་ནས་དོན་དམ་བདེན་པའི་རྣམ་བཞག་མཛད་པའི་དབང་གིས་དེ་ལ་ལྟོས་ན། ཆོས་ཉིད་ཀྱང་རང་གི་ངོ་བོས་སྟོང་བ་སོགས་སུ་གནས་ཤིང་། འཁོར་ལོ་ཐ་མ་དང་དེའི་དངོས་ཟིན་གྱི་བསྟན་དོན། དེ་བཞིན་མདོ་ཚན་ཁག་ཅིག་ལས་བསྟན་པ་ལྟར་གྱི་གཤེགས་སྙིང་བཅས་དྲང་དོན་དུ་འགྲེལ་བའི་སྐབས་སྲིད་ཅིང་། གཟུགས་ཀྱི་སྐུ་དང་། སྟོབས་སོགས་བྲལ་སྨིན་གྱི་ཆོས་རྣམས་ཀྱང་ཀུན་རྫོབ་ཀྱི་ཁོངས་སུ་འགྲོ་བ་དང་། གཞི་འབྲས་དབྱེར་མེད་ཀྱི་དོན་མི་བཞེད་པའི་དབང་གིས་དེ་དག་འདུས་བྱས་གསར་བྱུང་གི་ཆོས་སུ་ཡང་ཁས་ལེན་པ་ཡིན་ནོ། ཕྱི་མས་ཀྱང་བདེན་རྫུན་གཉིས་ཀྱི་ཆ་ནས་བདེན་གཉིས་ཀྱི་རྣམ་གཞག་མཛད་ཆོག་མོད། སྟོང་པ་ལ་བདེན་པ་དང་། སྣང་ བ་ལ་སྣང་བ་ལྟར་མ་གྲུབ་པའི་དབང་གིས་རྫུན་པར་འཇོག་པའི་ལུགས་ཙམ་མ་ཡིན་པར་ཐོག་ མཐའ་བར་གསུམ་དུ་རྒྱུན་ཆགས་པར་གནས་པའི་རྣམ་བྱང་གི་ཆོས་གང་ཡིན་དོན་དམ་བདེན་པ་དང་། དེ་ལས་གཞན། ཐོག་མཐའ་བར་གསུམ་དུ་གནས་ངེས་མ་ཡིན་ཞིང་འབྲལ་དུ་རུང་བ། གློ་བུར་བའི་ཆོས་ཡིན་པའི་ཆ་ནས་རྫུན་པ་དང་བསླུ་བར་འཇོག་པས། མ་དག་པའི་སྣོད་བཅུད་སོགས་ཀུན་རྫོབ་བདེན་པ་དང་། རིགས་པའི་དགག་བྱར་བྱེད་ཅིང་། དག་པའི་སྐུ་དང་ཡེ་ཤེས་སོགས་ཀྱང་རྒྱུ་རྐྱེན་གྱིས་གསར་དུ་མ་བསྐྱེད་པས་འདུས་མ་བྱས་དང་། ཆོས་ཉིད་དང་དབྱེར་མེད་པས་དོན་དམ་བདེན་པ་དང་། མི་བསླུ་བའི་ཕྱིར་རིགས་པའི་བསྒྲུབ་བྱར་བྱེད་པས། དེ་ལ་ལྟོས་ཏེ་གཞན་སྟོང་པ་འགའ་ཞིག་གིས་འཁོར་ལོ་བར་བ་དང་། དེའི་དངོས་བསྟན་གྱི་དོན་ཙམ་གནས་སྐབས་པའི་ངེས་དོན་དུ་འགྲེལ་བར་བྱེད་དོ།། འོན་ཀྱང་གཟུ་བོར་གནས་ཤིང་གཟིགས་པ་ཡངས་པའི་མཁས་གྲུབ་མང་པོ་ཞིག་གིས་ནི་གཉིས་ཀ་ངེས་དོན་མཐར་ཐུག་ཏུ་འདོད་དེ། གནས་ལུགས་གཅིག་ཉིད་ལ་གསལ་སྟོང་གཉིས་ཀའི་ཆ་དང་ལྡན་པ་རིགས་པ་མཐར་ཐུག་གིས་གྲུབ་པའི་ཕྱིར་རོ། དེ་ལྟ་ན་ཡང་། གནས་ལུགས་དེ་བཞིན་ཡོད་པ་དང་། ངོ་བོས་གྲུབ་པ་སོགས་སུ་ཇི་ལྟར་འཐད་དེ། ཡོད་པ་དང་། ངོ་བོས་གྲུབ་པ་སོགས་ཡིན་ན། དབུ་མའི་སྐབས་འདིར་བདེ་གྲུབ་སོགས་སུ་ཐལ་བ་མ་ཡིན་ནམ་ཞེ་ན། བདེན་མོད། སྐབས་འདིར་ཡོད་པ་ཞེས་པ། སྤྱིར་བཏང་ལྟ་བུ་མ་ཡིན་པར་མཉམ་བཞག་ཡེ་ཤེས་ཀྱི་ཡུལ་དུ་ཅི་ཡང་མེད་པ། ནམ་མཁའ་འམ། རི་རྭ་ལྟར་མ་ཡིན་པའི་ཆ་ནས་ཡོད་ཅེས་སམ། ཡང་ན་ཡོད་པ་དང་། དངོས་པོའི་ཆོས་ལས་འདས་པའི་གསལ་ཆ་མ་འགག་པ་ཙམ་ཞིག་ལ་ཡོད་པའི་བརྡ་བྱས་པ་སྟེ། དབུ་མ་ཐལ་འགྱུར་བ་རྣམས་ཀྱིས་སྣང་ཙམ་ལ་ཡོད་པའི་བརྡ་མཛད་ཀྱང་རང་ངོས་ནས་ཡོད་པ་མ་ཡིན་པ་བཞིན་ནོ། སྤྱིར་ཡོད་པ་མ་ཡིན་ཀྱང་ཡོད་པའི་བརྡ་མཛད་པ་མང་སྟེ། ཆོས་དེས་ཁྱབ་པའི་དབང་གིས་ཡོད་ཅེས་པ་སྟོང་བ་ཉིད་ཀྱིས་ཁྱབ་པས་གདུལ་བྱའི་རྒྱུད་ལ་དེ་བཞིན་ཉིད་ཡོད་ཅེས་དང་། དེ་ཡིན་པའི་དབང་གིས་ཡོད་ཅེས་པ། མེད་པ་ཡོད་དེ། རི་བོང་གི་རྭ་དེ་དེ་ཡིན་པའི་ཕྱིེར་ཞེས་དང་། དེ་ལ་སྣང་བའི་དབང་གིས་ཡོད་ཅེས་པ།རྨི་ལམས་ཀྱི་སྣང་བ་ཡོད་ཅེས་པ་ལྟ་བུ་དུ་མ་ཞིག་ཡོད་བའི་ཕྱིར་། སྲིད་ཞི་མཉམ་ཉིད། གསལ་སྟོང་ཟུང་འཇུག་སོགས་ཀྱང་འདི་ལྟར་མ་གོ་ཚེ་ཚིག་ཙམ་དུ་མི་འགྱུར་རམ། གཞན་སྟོང་བ་རྣམས་ཀྱི་ཡོད་ཡོད་གྲུབ་གྲུབ་ཀྱི་ཞེན་དོན་ཡང་འདི་ལྟར་འགྲོ་བ་འཐད་དེ། དབུ་མ་པ་རྣམས་ཀྱིས་གནས་ལུགས་དེ་བཞིན་ཉིད་སྐྱེ་མེད་དང།དགག་པ་དང་། སྟོང་བ། བདེན་སྟོང་། འདུས་མ་བྱས། དངོས་མེད་སོགས་སུ་སྨྲ་མོད། ཞེན་དོན་སྤྲོས་བྲལ་ལས་མི་འདའ་བ་བཞིན་ནོ། འོན་ཀྱང་གཞན་སྟོང་བའི་གཞུང་ལས་དངོས་སུ་ནི་དེ་ལས་རགས་ཙམ་སྨྲས་སམ་སྙམ་ཏེ། དེ་དག་གི་གཞུང་ལུགས་ཞིབ་ཏུ་མཇལ་བས་ཤེས་ནུས་པའི་ཕྱིར་རོ། ཡང་གཞན་སྟོང་བ་རྣམས་ལ། བཀའ་ཐ་མ་ལ་དགོངས་པ་ངེས་འགྲེལ། རབ་ཞི་རྣམ་ངེས། སྟུག་པོ་བཀོད་པ། ལང་ཀར་གཤེགས་པ་བཅས་ལ། སེམས་ཙམ་མདོ་བཞི་ཅེས་དང་། གཞན་སྙིང་པོ་བསྟན་པའི་མདོ་བཅུ་སོགས་དབུ་མ་སྟེ། དབུ་སེམས་ཀྱི་མདོ་གཉིས་དང་། བྱམས་ཆོས་ལ་ཡང་། མངོན་རྒྱན་དང་། རྒྱུད་བླ་དབུ་མ། འབྱེད་གཉིས་དང་མདོ་རྒྱན་བཅས་སེམས་ཙམ་པའི་གཞུང་དུ་བྱེད་པ་དང་། འཁོར་ལོ་ཐ་མ། བྱམས་ཆོས་སྡེ་ལྔ། སྡོམ་རྣམ་གཉིས་སོགས་ཀུན་ངེས་དོན་དབུ་མ་གཞན་སྟོང་བའི་གཞུང་དུ་བྱེད་པས་མཚོན། གཞན་ཡང་དབྱེ་ཚུལ་ཕྲན་ཚེགས་མི་འདྲ་བ་མང་བ་ལས། མདོ་དང་བསྟན་བཅོས་ཀྱི་དགོངས་དོན་མཐར་ཐུག་ལ་བསམ་ཚེ། ཕྱི་མ་ལྟར་འགལ་བ་མེད་མོད། སྤྱིར་བཏང་ཡོངས་གྲགས་ལྟར་དང་། དངོས་བསྟན་གྱི་དོན་ལ་བསམ་ན་ལུགས་སྔ་མ་ཉིད་དྭངས་བའི་གནས་སུ་མཐོང་ཞིང་། དབུ་མ་རང་སྟོང་བ་ལའང་ནང་ཚན་གྱི་བཞེད་ཚུལ་མི་མཐུན་པ་དང་། མདོ་དང་བསྟན་བཅོས་ལའང་སྔ་མ་བཞིན་དུ་དབུ་སེམས་ཀྱི་གཞུང་དུ་དབྱེ་ཚུལ་མི་འདྲ་བ་མང་ངོ་། དེ་ལྟར་ན་ཡང་། འཇམ་མགོན་པདྨ་རྣམ་རྒྱལ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་གཉིས་ཀྱི་བཞེད་པ་ཇི་ལྟར་མི་འགལ་ཏེ། སྔ་མས་དབུ་མ་གཞན་སྟོང་བ་རྣམས་ཀྱིས་ཀྱང་། ཆོས་ཉིད་རང་གི་ངོ་བོས་སྟོང་བར་འདོད་ཅེས་དང་། ཕྱི་མས་དེ་ལས་བཟློག་ཏེ་སྨྲ་བའི་ཕྱིར་སྙམ་པ་ལ། ཤིན་ཏུ་ནས་བདེན་མོད། སྔ་མས། གཅིག་ དུ་བྲལ་སོགས་ཀྱི་རིགས་པས་དཔྱད་པ་མཐར་ཐུག་པའི་ཚེ་ཆོས་ཉིད་བདེ་གཤེགས་སྙིང་པོ་ གཞན་སྟོང་བ་རྣམས་ཀྱིས་ཀྱང་དངོས་མཚན་གྱི་ཆོས་སུ་མ་གྲུབ་པའི་ཆ་ནས་ངོ་བོས་སྟོང་པར་བཞེད་ཅེས་དགོངས་ཤིང་། ཕྱི་མས་དེ་ལྟར་དཔྱད་པ་མཐར་ཐུག་པའི་ཚེ་ན་ཡང་། ཆོས་ཉིད་བདེ་གཤེགས་སྙིང་པོ། འདུས་བྱས་ཀུན་རྫོབ་པའི་ཆོས་གཞན་ལྟར་ཅང་མེད་བསླུ་བའི་ཆོས་ཅན་མ་ཡིན་པར་ཡོད་པ་དང་། བདེན་པ་ལ་དགོངས་ནས་དེ་ལྟར་གསུངས་པའི་ཕྱིར་ཏེ། ཤེས་བྱ་མཛོད་ལས། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པ་མཐར་ཐུག་པའི་ཚེ་ན་གཉིས་མེད་ཀྱི་ཡེ་ཤེས་བདེན་པར་གྲུབ་པ་དང་མ་གྲུབ་པ་ལྟ་བའི་ཁྱད་པར་རོ། ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། དེ་ལྟར་གཞན་སྟོང་པ་རྣམས་ཀྱིས་ཡོད་པ་དང་། བདེན་པ་སོགས་སུ་སྨྲ་བ་ཡང་། མེད་པ་ལས་ལོག་ཙམ་དང་། རྫུན་པ་མ་ཡིན་པའི་བདེན་པ་སོགས་སུ་རྣམ་གཅོད་ནས་སྨྲ་ཞིང་། ཡོངས་གཅོད་དུ་གསལ་བའི་ཡེ་ཤེས་སོགས་ཀྱང་ཁས་ལེན་ཤེས་ན། གཞན་སྟོང་པ་རྣམས་ཀྱི་གྲུབ་མཐའ་མཛེས་པའི་རྒྱན་དུ་འགྱུར་རོ། འོན་ཀྱང་རང་རེ་བོད་རྣམས་ལ་མཉམ་བཞག་ལ་ཟློའི་སྐབས་དང་རྗེས་ཐོབ་ཤན་འབྱེད་སྐབས་ཀྱི་ ཁས་ལེན་གཉིས་ཞེས་གྲགས་པ་ལྟར་ན་ནི་གཞན་སྟོང་བའི་མཁས་གྲུབ་ཆེན་པོ་རྣམས་ཀྱང་ཕྱི་མའི་ཕྱོགས་སུ་གཤེགས་པར་མངོན་ནོ། ཞེས་པ་འབྱུང་བ་ ལྟར་ཟུང་འཇུག་བཞིའི་གནད་རྣམས་ལ་ཐོས་བསམ་གྱི་ཤེས་རབ་ཡུན་དུ་བསྟེན་པའི་སྒོ་ ནས་ངེས་པའི་དོན་ལ་སྒྲོ་འདོགས་ཅི་རིགས་པ་རེ་ཆོད་ན་ཡང་སྣང་སྟོང་ཅིས་ཀྱང་འགལ་ བར་འཛིན་པའི་བློ་ཡི་རིགས་འདི་ཚོ་ཅུང་ཤུགས་ཆུང་དུ་འགྲོ་ངེས་སྙམ་པ་ནི་ནང་གཏམ་ ཙམ་ཡིན་ཏེ། འཇམ་མགོན་པད་མ་རྣམ་རྒྱལ་ཞབས་ཀྱིས། ཡུལ་སྣང་སྣ་ཚོགས་ཆུ་ཟླའི་རོལ་རྩེད་ལྟར།། དེ་འཛིན་མེད་པ་རིག་སྟོང་ཕྱག་རྒྱ་ཆེ།། ཟུང་འཇུག་ཀློང་ནས་འགལ་འདུ་བྲལ་བ་ཡི།། སྒྲོ་བསྐུར་མེད་པའི་ཆོས་དང་འཕྲད་པ་ཤོག། ཅེས་སྨོན་ པའི་ཡུལ་དུ་མཛད་པ་བཞིན་ནོ།སྐབས་འདིར་ཁོ་བོས་རང་སྟོང་དང་གཞན་སྟོང་གི་ལྟ་ གྲུབ་ཀྱི་ཁྱད་པར་།དེ་དག་གི་བདེན་གཉིས་ཀྱི་འཇོགས་མཚམས་།དེ་གཉིས་ཀྱི་ལྟ་བའི་ ཁྱད་པར་ལ་མཁས་གྲུབ་འགའ་རེའི་གཟིགས་ཚུལ་དང་དགོངས་པའི་འབབ་སོ་གང་ཡིན་བཅས་མང་ ཙམ་དྲངས་བ་འདིར་ཅུང་མ་འབྲེལ་བ་ལྟར་སྣང་མོད་།སྐབས་སུ་གཏན་མ་བབས་པའང་མིན་ཏེ་། དེ་དག་གི་ཞར་ལ་ཡང་སྤྲོས་བྲལ་གྱི་གོ་ཚུལ་དང་ཟབ་གནད་ཅི་རིགས་འབྱུང་བ་མ་ཟད།གཞན་གྱིས་ཀུན་རྗོབ་ཡོད་ཚད་འཁྲུལ་སྣང་ཡིན་ན་།ཁྱོད་ཀྱང་དེ་ལས་མ་འདས་པས་སུ་ འཁྲུལ་བ་རེད་།འཁྲུལ་བར་སུས་ཤེས་པ་ཡིན་སོགས་གླན་ཀ་བྱས་པ་ན་།དོན་མཐུན་གྱི་ལན་ རེ་འདེབས་རྒྱུ་ཡང་གཞུང་ལུགས་ཀྱི་དཀའ་ས་མཐར་ཐུགས་ཡིན་མོད་།ཞིབ་ཏུ་བསམ་ཚེ་ འཁྲུལ་བ་པོ་འམཤེས་པ་པོ་མཐར་ཐུག་པ་ནི་དོན་དམ་པའི་བདག་གམ་སེམས་ཉིད་འདི་ཁོ་ན་ཡིན་ཅིང་། དེ་ཉིད་དབུ་སེམས་ནས་གསང་བ་ཕྱག་རྗོགས་བར་གོང་ནས་གོང་དུ་གསལ་རྒྱས་རྗོགས་གསུམ་ གྱིས་འཕགས་མོད་།འོན་ཏེ་གཞན་སྟོང་པས་ཀུན་རྗོབ་འཁྲུལ་བའི་ཆོས་རྣམས་རང་སྟོང་ དང་།དོན་དམ་མ་འཁྲུལ་བའི་ཆོས་གཞན་སྟོང་དུ་བྱས་ནས་སྟོང་བྱ་དང་སྟོང་གཞིའི་གནད་ ངོས་བཟུང་བ་བཞིན་བྱས་ན་འདིར་ཡང་བསྟན་ཚུལ་གྱི་ཆ་ནས་འཁྲུལ་བ་དང་འཁྲུལ་གཞིའི་ རྣམ་དབྱེ་བྱ་སླ་བར་བརྟེན་གྲུབ་མཐའ་དེའི་བཞེད་པ་དྲངས་ཞིང་།དེ་ལའང་བོད་འདིར་ རྩོད་པའི་གནས་མང་ཤིང་གནད་གསང་མཐོང་བའང་དཀོན་པ་བཅས་ཀྱིས་སྤྱི་བཤད་དེ་ཙམ་རེ་ མེད་ན་སྤྱིར་འཁོར་ལོ་ཐ་མ་།ཡང་དགོས་སྔགས་།ཁྱད་པར་དབུ་མ་གཞན་སྟོང་པའི་ལྟ་བའི་ གནད་ལ་སྒྲོ་འདོགས་ཆོད་པ་དཀའ་བར་བསམ་ནས་ངལ་བས་བཀོད་པའོ་།ཕྲན་ནས་འདིར་བདག་མེད་ པ་དང་དོན་དམ་གྱི་སྐོར་ལ་འགལ་སྤོངས་དང་གོ་བསྡུར་སྐབས་གཞན་ལས་མང་ཙམ་ཐལ་བའང་མཁས་དབང་ཉིད་ནས་རྒྱལ་ བའི་གསུང་རབ་ཡོངས་ཀྱི་འབབ་སོ་དང་ནང་པའི་གྲུབ་མཐའ་བཞི་ཆར་གྱི་བླ་སྲོག་གམ་ གཞུང་ཤིང་ལྟ་བུ་ནི་དོན་དམ་སྟོང་ཉིད་ཀྱི་རྣམ་བཞག་འདི་ཡིན་ལ།གལ་སྲིད་སྟོང་ ཉིད་ཀྱི་ལྟ་བའི་སྐོར་འདི་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་ཁུངས་སྐྱེལ་ཡག་པོ་ བྱེད་ཐུབ་པ་ཡིན་ཚེ།སྔར་བཤད་ཀུན་རྫོབ་ཀྱི་རྣམ་བཞག་ཁ་ཅིག་ལ་ནོར་འཁྲུལ་འགའ་རེ་ ཡོད་ན་ཡང་གནད་འགག་དེ་ཙམ་མེད་ཅེས་གསུངས་པ་ཁོ་བོས་ཀྱང་བདེན་ནོ་སྙམ་པ་དང་གཅིག ཁྱེད་ ཀྱིས་དོན་དམ་སྟོང་ཉིད་ཀྱི་ཕྱོགས་ལ་དྭོགས་སློང་གནང་བ་ཁག་ལ་རྒྱུ་མཚན་མེད་པ་ མིན་པ་ཙམ་དུ་མ་ཟད་གོ་རྒྱུ་ཡང་ཆེན་པོ་འདུག་མོད།འོན་ཏེ་དབུ་མའི་དོན་དམ་གྱི་ རྣམ་བཞག་འདི་ལ་དོན་གྱི་ཆ་ནས་བསམ་ཚེ་དེ་ཙམ་གྱི་འགལ་བ་ཞིག་ཨེ་ཡོད་ན་སྙམ་པ་དང་ གཉིས།རང་ཉིད་ཀྱི་སྣང་སྟོང་ཕྱོགས་ཀྱི་གོ་སྟངས་འདི་ལ་རང་རྟུག་གསེར་མགོ་དང་། རང་རྣ་ལྷ་ཁང་གི་དཔེ་བཞིན་སྟོང་ཉིད་ཀྱི་གོ་ཚུལ་དཀྱུས་མ་ཕལ་དང་བསྡུར་ན་ཁྱད་ པར་ཕྲན་བུ་རེ་ཡང་མེད་འགྲོ་སྙམ་པའི་འདུ་ཤེས་ཀྱིས་རང་གར་ཆུད་ཟོས་སུ་འགྲོ་བ་ ཡང་ཅུང་ཕངས་པ་བཅས་རྒྱུ་མཚན་གསུམ་གྱི་སྒོ་ནས་དེ་ག་ཙམ་ཞིག་སྨྲས་པ་ལས་ཆོས་ གཞུང་ནས་བཤད་ཚད་དོན་ལ་གནས་དགོས་པའི་འདོད་ཚུལ་ལམ་ཡང་ན་བག་ཆགས་རྙིང་བ་འགེབ་ སྲུང་བྱེད་པའི་ཆེད་དུའམ་ལྷ་འདྲེ་སྲུང་སྐྱོབས་ཀྱི་ཆེད་དུ་མིན་པ་ཙམ་མ་ཟད་།ཚན་ རིག་པས་གང་ཤེས་ཆོས་གཞུང་ནས་བཤད་ཟིན་པའི་ཧམ་པ་དང་།གནའ་དེང་གི་ཤེས་བྱ་ཡོད་ཚད་ སྲོལ་རྒྱུན་གྱི་རིག་པའི་གནས་ལྔའམ་བཅུའི་ཁོངས་སུ་འུབ་ཀྱིས་བསྡུ་བར་འདོད་པའི་རྔམ་སེམས་སམ་། ཡང་ན་རང་རེའི་བསམ་བློའི་གོ་རྟོགས་འདི་འཛམ་གླིང་ཡོངས་ལས་སྔོན་ཐོན་ཡིན་ཞེས་པ་ ལྟ་བུའི་འུད་པོ་ཆེ་དེ་རིགས་རྨི་ལམ་དུ་ཡང་རྨིས་མ་མྱོང་ན་འདིར་དངོས་སུ་སྨྲ་བ་ ལྟ་ག་ལ་ཞིག་པས་མཁྱེན་པར་མཛོད་ལ།ད་དུང་ཁྱོད་ཀྱིས་སྐྱོ་སྣང་རིང་ལུགས་སོགས་ལ་ མ་རངས་པའི་འཁང་ར་རེ་བྱས་འདུག་པ་སོགས་ལ་ནི་ངས་ཀྱང་བསམ་གཞིག་ཐུབ་པ་འདུག་སྟེ། དེ་ནི་ངེས་པར་འབྱུང་བའི་ས་བོན་ཁྱད་པར་བ་རྒྱུད་ན་ཡོད་མཁན་རྗེ་མི་ལ་དང་གླང་ རུ་ཐང་བ་ལྟ་བུ་ལས་ཅན་འགའ་རེའི་སྤྱོད་ཡུལ་ཙམ་ལས། གཞན་ གྱིས་དེ་འདྲ་མི་འཇོན་ཞིང་མི་འཇོན་བཞིན་སྐྱོ་སྣང་གིས་ཉི་མ་སྐྱེལ་བའང་རང་ སྡུག་ཙམ་ལས་དགོས་པ་ཁྱད་པར་བ་གཞན་མ་མཐོང་བས་སོ།འོན་ཏེ་དུས་དང་སྐབས་སུ་འཁོར་ བའི་སྡུག་བསྔལ་དང་ལས་རྒྱུ་འབྲས་མི་རྟག་པ་སོགས་ཀྱི་དོན་ལ་བློ་ཁ་རེ་འཁོར་བས་ ཀྱང་ང་རྒྱལ་དང་བག་མེད་པ་སོགས་ཤིན་ཏུ་རགས་པའི་ཉོན་མོངས་དང་ཐལ་ཆ་ཆེ་བའི་བྱ་ སྤྱོད་འགའ་རེ་ལ་བསླབ་བྱ་ཙམ་བསྐྱོན་པས་ཀྱང་ཞི་བདེ་དང་བག་ཕེབས་ཀྱི་མི་ཚེ་ཞིག་ སྐྱེལ་བ་ལ་ངེས་པར་ཕན་ཏེ་བརྟན་ལྷིང་དང་བག་ཕེབས་ནི་བདེ་སྐྱིད་ཐམས་ཅད་ཀྱི་མ་ རྩ་ཡིན་འདུག་པས་སོ་།ཞེས་པ་ནི་རང་གི་བསམ་ཚུལ་རྗེན་མའོ།

ངན་སོང་གཏམ་གྱིས་མཐོ་རིས་དོན་གཉེར་དང་།

འཁོར་བའི་ཉེས་པས་ཐར་པ་འདོད་རྣམས་སྐྱོ་།

བརྩེ་ལྡན་མཆོག་ལ་ཀུན་ཀྱང་པད་མོའི་གླིང་།

གསང་རིག་འཛིན་ལ་གསང་བ་མཆོག་གི་གནས།
 ཐེག་ཆེན་གྱི་སྡེ་སྣོད་བཀའ་མིན་ པར་འདོད་པའི་རྩོད་སྤོང་།   /> ཕར་ཕྱིན་གཞུང་གི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རྒྱས་སྤྲོས་ཅན་དེ་དག་ཐེག་ཆེན་ གྱི་མདོ་སྡེ་རྣམས་ལ་བརྟེན་ནས་མཛད་པ་ཡིན་ཡང་ཐེག་ཆེན་གྱི་སྡེ་སྣོད་ཚད་མར་འོས་མིན་ནི་ཤིན་ཏུ་ཐེ་ཚོམ་གྱི་གནས་སུ་ལྷུང་ཡོད་དེ། དེ་ཡང་སངས་རྒྱས་ཀྱི་གྲུབ་མཐའ་གོང་འོག་ཀུན་ལ་རྩོད་པ་མེད་པའི་རྒྱལ་བའི་བཀའ་ ནི་ཉན་ཐོས་ཀྱི་སྡེ་སྣོད་གསུམ་པོ་སྟེ་དེང་སང་ཡོངས་གྲགས་སུ་ཐེགས་དམན་གྱི་མདོ་སྡེར་འབོད་པ་འདི་དག་ཙམ་ཡིན། འདི་དག་གི་ཁྲོད་དུ་སྐྱེས་པའི་རབས་དང་སྔོན་གྱི་བྱུང་བ་སོགས་ལ་སྒྲུང་གཏམ་གྱི་སླད་གཏན་ནས་མེད་པ་མིན་ཡང་། གཞི་རྩའི་ཆ་ནས་སྟོན་པ་ཉིད་ཀྱི་སྐུ་ཚེ་ལོ་རྒྱུས་དང་མཛད་པ་འཕྲིན་ལས་སོགས་དངོས་ཡོད་དང་ཐག་ཉེ་བོ་ཞིག་འཁོད་ཡོད། སྟོན་པ་ཉིད་ཞལ་བཞུགས་པའི་དུས་ཀྱི་སློབ་མའི་གཙོ་བོ་མཆོག་ཟུང་དང་།ཉན་ཐོས་འོད་སྲུངས་ཆེན་པོ་སོགས་དང་། མྱ་ངན་ལས་འདས་ནས་བསྟན་པའི་གཏད་རབས་བདུན་ལ་སོགས་པས་བསྟན་པ་སྐྱོང་བའི་སྐབས་སུ་ཡང་ཐེག་ཆེན་གྱི་གྲགས་འགུལ་ཅི་ཡང་མེད། དེ་ལྟ་བའི་ངང་ནས་མི་ལོ་བརྒྱ་ཕྲག་མང་པོ་ཞིག་སོང་བའི་རྗེས་སུ་གཞི་ནས་སྔོན་ གྱི་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་སོགས་ཀྱི་གསུང་རབས་རྣམས་འདོན་པ་ཅུང་ཟད་མི་འདྲ་བ་ཁ་ཅིག་གིས་འདོན་ཞིང་། འདས་རྗེས་ཀྱི་ལོ་ཆིག་སྟོང་ལ་ཉེ་བའི་སྐབས་སུ་ད་བཟོད་ཀླུ་ཐོགས་གཉིས་སོགས་བརྒྱུད་ནས་ཤིན་ཏུ་མི་འདྲ་བའི་ཆོས་སྐད་རླབས་པོ་ཆེ་དག་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ པ་རེད་།དེ་དག་གི་ཁུངས་དང་བརྒྱུད་པ་གང་ཡིན་དྲིས་པ་ན།ཀླུ་སྒྲུབ་ཀྱིས་ཁོ་རང་ས་འོག་ཏུ་འཛུལ་ནས་ཡར་ལ་དྲངས་པ་ཡིན་ཚུལ་དང་། ཐོགས་མེད་ཀྱིས་ཁོ་རང་ནམ་མཁའ་ལ་འཛེགས་ནས་མར་ཕབ་པ་ཡིན་ཚུལ་སོགས་གསུང་བ་མ་ གཏོགས་འཇིག་རྟེན་མི་ཡུལ་འདིར་འཛུབ་མོ་འཛུགས་ས་གཅིག་ཀྱང་རེག་མེད་པ་རེད། ཁོང་རྣམ་པ་གཉིས་བསྟན་པའི་ཤིང་རྟ་རྣམ་གཉིས་སུ་བགྲངས་བའི་རྒྱུ་མཚན་ཡང་དྲངས་མོར་ཞུས་ན་ཁུངས་ལུང་མེད་པའི་གྲུབ་མཐའ་མི་འདྲ་བ་གཉིས་གསར་དུ་སྤེལ་མཁན་ཡིན་པ་ལ་ཐུག་ཡོད་ཅེས་ཟེར་།ཁྱེད་ཀྱིས་གསུངས་པ་འདི་དག་གནའ་རབས་ཀྱི་ལོ་རྒྱུས་ལས་འགོང་པའི་དེང་རབས་ཀྱི་བཤད་སྲོལ་ངོ་མཚར་ཅན་ཞིག་ཡིན་ན་མི་ཤེས་མོད་ཁོ་བོས་ ནི་བདེན་པར་མི་འཛིན་ཏེ།སངས་རྒྱས་སྐུ་བཞུགས་དུས་ནས་འདས་རྗེས་ཀྱི་དུས་ཇི་ སྲིད་བར་དགེ་འདུན་འདུ་བའི་གནས་གཙུག་ལག་ཁང་ངམ་ཀུན་དགའ་ར་བ་དག་གམ་རབ་ཏུ་བྱུང་ བའི་ནང་དུ་ཐེག་ཆེན་གྱི་གྲགས་འགུལ་མེད་པ་བདེན་མོད་དེ་ཙམ་གྱིས་དུས་དེ་སྲིད་ དུ་ཐེག་ཆེན་གྱི་བསྟན་པ་ཡེ་མེད་ཅེས་སྨྲ་ག་ལ་ཐུབ་སྟེ། ཡུལ་དབུས་ལས་གཞན་མཐའ་ འཁོབ་བམ་ཀླུ་དང་སྲིན་པོའི་ཡུལ་དུ་གྲགས་པ་རྣམས་དང་།ཐེག་ཆེན་པའི་རིགས་ཅན་ ཁྱིམ་པ་ཕོ་མོའི་ནང་དུ་ཡོང་ཆོག་པའི་ཕྱིར་ཏེ་།སྔོན་བོད་ཀྱི་ཆོས་གྲྭ་དང་གྲྭ་ས་ ཁག་ཅིག་གི་ནང་གསང་སྔགས་ཀྱི་ཉམས་བཞེས་མེད་མོད་ཕྱི་ལོག་ཏུ་དེ་ཡོད་པ་མི་ཁེག་པ་ བཞིན་ནོ། སྐབས་དེ་དུས་ཀྱི་ཀླུ་དང་སྲིན་པོའི་ཡུལ་དུ་གྲགས་པ་ཁག་ཅིག་ནི་ཡུལ་དབུས་ལ་ལྟོས་པའི་མཐའ་ཡི་ཡུལ་ཕྲན་ཁག་ཅིག་ལ་མིང་དེ་སྐད་དུ་གྲགས་ཚོད་དུ་འདུག་པས་ཀླུ་སྲིན་རང་རྒྱུད་པར་མི་བཟུང་སྟེ།ཀླུ་ཡི་ཡུལ་དུ་གྲགས་པ་གྲོང་ཁྱེར་སྒྲ་སྒྲོགས་སམ་ལངྐའི་ཡུལ་དེའང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པ་ལ་ནི་རྩོད་པ་མེད་ཅིང་།དེའང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཕོ་བྲང་དུ་གྲགས་པའི་པོ་ཏ་ལའམ་རི་བོ་གྲུ་འཛིན་བཞུགས་པའི་ཕྱོགས་དེའམ་དེ་དང་ཆེས་མི་རིང་བ་ཞིག་ན་ཡིན་དགོས་པ་འདྲ་སྟེ།ལངྐར་གཤེགས་པ་ལས།བཅོམ་ལྡན་འདས་ལངྐའི་གྲོང་རྡལ་ན།   རྒྱ་མཚོའི་རི་མ་ཡའི་རྩེ་མོ་རིན་པོ་ཆེའི་རིགས་དང་།  མེ་ཏོག་སྣ་ཚོགས་པས་བརྒྱན་པ་ལ།  ཞེས་དང་།  སྡོམ་འགྲེལ་དཔག་བསམ་སྙེ་མ་ལས།   དམ་པའི་རིགས་ཅན་དྲ་མ་ལྔ་ལངྐའི་ཡུལ་གྱི་རི་བོ་མ་ལ་ཡའི་རྩེར་རང་རང་གི་མངོན་ཤེས་དང་རྫུ་འཕྲུལ་གྱིས་འདུས་སྟེ་ཞེས།   རི་བོ་མ་ལ་ཡ་གང་དུ་ཡོད་པའི་ཕྱོགས་དེར་ལངྐའི་ཡུལ་དུ་གསུངས་ཤིང་རི་བོ་མ་ལ་ཡ་ནི་།  ཐང་སེན་ལམ་ཡིག་ལས།  དེ་ནས་ལྷོ་ངོས་སུ་རྒྱང་གྲགས་སུམ་སྟོང་ཙམ་ཕྱིན་པ་ན་མ་ར་ཀུ་ཊའི་ཡུལ་ཡོད་།   དེའི་ཐ་གྲུར་རྒྱང་གྲགས་ལྔ་སྟོང་ལྷག་དང་།  དཀྱིལ་མཁར་ཆེན་པོའི་མཐའ་སྐོར་དུ་རྒྱང་གྲགས་བཞི་བཅུ་ལྷག་དང་།   ས་གཞི་ཚ་སྒོ་ཆེ་ལ་ནམ་དབུག་ཤིན་ཏུ་ཚ་བ།  རྒྱ་མཚོ་དང་ཉེ་བས་རིན་པོ་ཆེའི་རིགས་མང་དུ་འདུ་ཞིང་ཚོགས་པ།  མིའི་རང་བཞིན་རྩུབ་ཅིང་བཞིན་མདོག་ནག་པོ། ཡོན་ཏན་སློབ་པ་ལ་མི་མོས་ཤིང་ཚོགས་ཁོ་ན་ལ་མི་ཚེ་སྐྱེལ་བ།   གཙུག་ལག་ཁང་གོག་པོའི་ཤུལ་འགའ་ཡོད་པ་ལས་དགེ་འདུན་གྱི་མིང་ཙམ་ཡང་མེད་།   མུ་སྟེགས་པའི་ལྷ་ཁང་བརྒྱ་ཕྲག་དུ་མ་ཡོད་པར་ཕྱི་རོལ་གཅེར་བུ་བ་མང་ཙམ་འདུག།  གྲོང་ཁྱེར་གྱི་ཤར་ཕྱོགས་སུ་རི་མ་ལ་ཡོད་།  དེ་ནི་བགྲོད་དཀའ་བ་རྩུབ་པ་རྡོ་དང་གསེག་མས་གཏམས་པ།  བྲག་ཕུག་ཟབ་མོ་དང་འགའ་ཞིག་སང་ཐལ་དུ་ཡོད་པ།   དེར་ཙན་དན་དང་ཙན་ད་ན་ཞེས་པའི་ཤིང་གི་ནགས་ཚལ་ཡོད་།   ཙན་ད་ནི་དབྱིབས་དང་ཁ་དོག་རྣམ་པ་ཐམས་ཅད་ཙནྡན་དཀར་པོ་དང་འདྲ་ལ།    ཁྱད་པར་ཅུང་ཟད་མི་འདྲ་བ་ནི་ཤིང་དེ་ཤིན་ཏུ་ཆེ་ལ་མཐོ་བ།  དྲི་བསུང་རྒྱང་རིང་དུ་བྲོ་བ་དགུན་དུས་མ་གཏོགས་ལེན་དཀའ་བ།  རྒྱུ་མཚན་ཤིང་དེ་ཤིན་ཏུ་བསིལ་བས་དུག་སྦྲུལ་གྱིས་དཀྲིས་ཏེ་གནས་པས།  དགུན་དུག་སྦྲུལ་ཉལ་ཟིན་པའི་དུས་སུ་ལེན།  དེའི་ཐང་ཆུ་ནི་ཀརྦུ་ར་སྟེ་ག་བུར་ཡིན།  དབྱིབས་དང་ཁ་དོག་འཁྱགས་རོལ་དང་འདྲ།  དེའི་ཤར་ཕྱོགས་སུ་མི་རིང་བར་པོ་ཏ་ལ་སྟེ་འཕགས་པ་སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མ་དངོས་སུ་བཞུགས་པའི་གནས་ཡོད།  རི་དེ་ཤིན་དུ་བགྲོད་དཀའ་བ་སྤོ་ལ་མཚོ་ཆུ་ཡག་ལག་བརྒྱད་ལྡན་ཞིག་ཡོད་པ་ལས།  ཆུ་མིག་བྱུང་སྟེ་འོག་ཏུ་འབབ་ཅིང་རི་ལ་གཡས་ཕྱོགས་སུ་ལན་ཉི་ཤུ་བསྐོར་ནས།  མཐར་ལྷོའི་གཡས་མཚོར་འབབ་བོ།   ཞེས་འབྱུང་། དེ་ནི།    ཇི་ལྟར་མ་ལ་ཡི་ནགས་ཀླུང་དུ།  རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་པ་ཞིག།  ཡལ་འདབ་བརླན་པས་ཙན་དན་དྲི་བསུང་ལྟར།  གང་ལ་བརྟེན་པ་དེ་ཡི་རྗེས་སུ་འགྲོ། ཞེས་གསུངས་རབ་ལས་འབྱུང་བ་དང་།  མེ་ལོང་མ་ལས།  མ་ལ་ཡ་ཡི་རླུང་གིས་ནི།  ཙནྡན་ལྗོན་པ་གསར་བ་ཡི།  ཡལ་འདབ་སྐྱོད་པར་བྱེད་པ་འདིས།   ཀུན་གྱི་དགའ་བ་བསྐྱེད་པར་བྱེད་།  ཅེས་དང་།  མ་ལ་ཡ་ཡི་ཆུ་རྒྱུན་ལ།  རེག་ཅིང་ཙནྡན་ནགས་བསྐྱོད་པ།   རླུང་འདི་མགྲོན་པོ་དག་གི་ནི།   ཉམས་པར་བྱ་ཕྱིར་ཉེ་བར་གནས།  དང་།  ཙནྡན་ཟླ་འོད་དལ་བུ་ཡི།  ལྷོ་ཕྱོགས་དྲི་ཡི་གཞོན་པ་འདི་།  ཞེས་སོགས་སྙན་ངག་གི་གཞུང་དག་ལས་མ་ལ་ཡ་ནི་ལྷོ་ཕྱོགས་ཙན་དན་དང་དྲི་བསུང་གིས་ཁྱབ་ཅིང་ཆུ་བོའི་རྒྱུན་འབེབས་པའི་རི་བོ་ཞིག་ཏུ་ཡང་ཡང་བཤད་པ་དང་ཡང་འབྱོར་རོ། དེ་ཙམ་མ་ཟད་མ་ལ་ཡ་ཞེས་པའི་མིང་དེ་ཡང་ཙནྡན་དང་འབྲེལ་ནས་ཡོད་པ་ཞིག་ཏེ།  སྤྲིན་གྱི་ཕོ་ཉ་ལས།རང་གི་ཆུ་ཡི་ཐིག་པ་བསིལ་བས་བགོས་པའི་རླུང་གི་མ་ལ་ཏ་ཡ་རྣམས་ཀྱིས་ནི།  ཤིན་ཏུ་གཞོན་པའི་མེ་ཏོག་བཅས་པ་དེ་ནི་སླད་ནས་ཀྱང་ནི་དེ་ཡི་དབུགས་དབྱུང་མཛོད།   ཅེས་མ་ལ་ཏ་ཡ་ཙནྡན་དཀར་པོའི་མིང་དུ་གསུངས་པས།  དེ་འདྲའི་མིང་གི་ཆ་ཤས་སུ་གྱུར་པའི་ཏ་ཡིག་ཕྱིས་པ་ཙམ་གྱིས་མ་ལ་ཡ་ཞེས་སོར་གནས་པས་སོ།  འོན་ཏེ་ཅུང་ངོ་མཚར་བ་ཞིག་ལ།  ལམ་ཡིག་ལས། མ་ལ་ཡར་སྐྱེས་པའི་ཙན་ད་ན་ལས་ག་བུར་འབྱུང་བར་གསུངས་པ་དང་།  མེ་ལོང་མའི་ ཡུལ་འགལ་བའི་དཔེའི་སྐབས།   ག་པུར་རྐང་འཐུང་ལ་རེག་པའི།   མ་ལ་ཡ་རླུང་དྲི་བཟང་ཅན།  ཀ་ལིངྐ་ཡི་ནག་སྐྱེས་པའི།  གླང་པོ་དག་ནི་རི་དྭགས་བཞིན།  ཞེས་མ་ལ་ཡར་ག་བུར་གྱི་རྐང་འཐུང་མེད་བཞིན་ཡོད་པ་ལྟར་བརྗོད་པས་ཡུལ་འགལ་བར་གསུངས་པ་གཉིས་དངོས་སུ་འགལ་མེད་དམ་སྙམ་པ་ཞིག་མཆིས། དེ་ཙམ་མ་ཟད་འདི་ནས་ཙན་ད་ན་དེ་ཤིན་ཏུ་བསིལ་བས་དབྱར་དུས་དུག་སྦྲུལ་རྣམས་ཀྱིས་དཀྲིས་ཏེ་གནས་ཞེས་དེ་ཙནྡན་སྦྲུལ་སྙིང་ཡིན་རྒྱུ་བྱས་འདུག་མོད་།  བོད་མཁས་པས་པཎ་ཆེན་སངྒ་ཤྲཱིས།  ག་བུར་ཙནྡན་ཀུན་ལས་མི་འབྱུང་མོད་ཧ་རི་ཙནྡན་ལས་འབྱུང་བར་འདོད་པའང་བཀག་ནས།    ག་པུར་ཀཏྤཱུར་རམ་ནུས་ལྡན་ཤིང་ཁོ་ན་ལས་ཙནྡན་དཀར་པོ་མ་ཟད་སྦྲུལ་སྙིང་ལས་ཀྱང་མི་འབྱུང་བར་གསུངས་པ་དང་དངོས་སུ་མ་འགལ་ལམ། དེ་ནི་གཅིག་བྱས་ན་ལམ་ཡིག་མཁན་པོའི་ག་བུར་ཀྱི་ངོས་འཛིན་ནོར་བའམ་ཡང་ན་ལམ་ཡིག་བོད་བསྒྱུར་གནང་མཁན་གྱི་འགྱུར་ནོར་ཤིག་ཀྱང་ཡིན་་སྲིད།  ཅི་སྟེ་མ་ལ་ཡར་ཡོད་པའི་ཙན་ད་ནའམ་སྦྲུལ་སྙིང་ལས་ག་བུར་འབྱུང་བ་དངོས་བདེན་ཡིན་ཚེ་མེ་ལོང་མཁན་པོ་དང་བོད་མཁས་གཉིས་ཀ་ནོར་བའི་ཕྱོགས་སུ་འཕྱན་པ་ལས་འོས་མེད་པར་མ་གྱུར་ཏམ།  དེ་རིགས་སྐབས་འདིར་དེ་ཙམ་དོ་གར་མི་ཆེ་ཡང་ཞར་དང་ཞོར་ལ་དཔྱད་པ་ལ་དགའ་བའི་རྩེད་མོ་ཙམ་ཞིག་བྱས་པ་ཡིན་ནོ།  གཏམ་རྒྱུད་གསེར་ཐང་ལས་ཀྱང་།  བཙུན་པ་ཝེན་ཚིག་གིས།    པོ་ཏ་ལ་མ་ལ་ཡའི་རི་དང་ཉེ་བར་ཡོད་གསུངས་ཤིང་མ་ལ་ཡ་དེ་ལམ་དོག་ཅིང་བྲག་རི་གཟར་བས་མི་རེ་གཉིས་ལས་ཐར་དཀའ། རྩེ་མོར་མཚོ་ཆུང་གཅིག་དང་འགྲམ་ན་རྡོའི་ཁང་པ་ཅིག་བཅས་ཡོད་པར་དད་པ་ཅན་རྣམས་ཀྱིས་སྤྱན་རས་གཟིགས་མུ་སྟེགས་ཀྱི་དྲང་སྲོང་དང་། ལྷ་ཆེན་པོ་སོགས་ཀྱི་རྣམ་པར་མཇལ།  མཚོ་ཆུང་དེ་ནས་ཆུ་ཞིག་འཐོན་པ་རི་ལ་བསྐོར་ནས་རྒྱ་མཚོར་འདྲེས།  རིའི་རྩ་བར་གྲོང་ཁྱེར་ཡོད་པ་དེ་ནས་མཚོ་བརྒྱུད་དེ་སིངྒ་ལར་འགྲོ་ཞེས་གསུངས།   ལངྐའི་ཡུལ་ལ་སྐབས་དེར་ཀླུ་ཡུལ་དུ་གྲགས་པའང་།  སྡོམ་འགྲེལ་ལས།  ལངྐའི་བདག་པོ་སྒྲ་སྒྲོགས་གི་གནས་ཞེས་དང་།  ལང་གཤེགས་ལས།  ལངྐའི་གྲོང་རྡལ་གྱི་རི་མ་ལ་ཡའི་རྩེ་མོ་འདིར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས།  རྟོག་གེའི་ལྟ་བ་མུ་སྟེགས་ཅན་དང་། ཉན་ཐོས་དང་། རང་སངས་རྒྱས་དང་།   འཕགས་པའི་ཡུལ་མ་ཡིན་པ་དེ་དག་གིས་བསྒོམས་པའི་ཆོས་བསྟན་ཏེ།  ངས་ཀྱང་དེ་ཉིད་དུ་གནོད་སྦྱིན་གྱི་བདག་པོ་འབོད་སྒྲོགས་ཀྱི་ཕྱིར་དེ་ཉིད་བསྙད་ཅིང་ཆོས་བསྟན་ཏོ་སྙམ་ནས་འཛུམ་པ་མཛད་དོ་།  ཞེས་གསུངས་ཤིང་། དེ་ཉིད་སྐབས་དེར་ཀླུ་རྒྱལ་ཀྱི་བསྟི་གནས་སུ་གྱུར་པའང་།  འདུལ་བ་ལུང་ལས།   སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི་།  གྲོངས་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད་།  ཅེས་འབྱུང་།  འབོད་སྒྲོགས་དང་སྒྲ་སྒྲོགས་གཉིས་མིང་གི་འཇུག་ཡུལ་གཅིག་པ་ཉིད་དུ་མིང་ཚིགས་གི་འགྲེལ་བ་དག་ལས་བཤད་ཅིང་།  འབོད་སྒྲོགས་དང་ཀླུ་རྒྱལ་དོན་གཅིག་པའང་དེ་ཉིད་ལས།  དེ་ནས་གནོད་སྦྱིན་གྱི་བདག་པོ་འབོད་སྒྲོགས་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས།  བཅོམ་ལྡན་འདས་རྒྱ་མཚོའི་ཀླུ་ཡི་གནས་ནས་བྱུང་སྟེ། བརྒྱ་བྱིན་དང་།  ཚངས་པ་དང་།  ཀླུ་ཡི་བུ་མོ་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་རྒྱ་མཚོའི་རླབས་ལ་གཟིགས་ཏེ། ཞེས།  དེ་ཉིད་ཀླུ་ཡི་གནས་ནས་བྱུང་བ་དང་ཀླུ་ཡི་བུ་མོས་བསྐོར་བར་གསུངས་པ་བཅས་ཀྱིས་གྲུབ།  སྤྱིར་ཚིགས་མཛོད་དག་ལས། འབོད་སྒྲོགས་དང་སྒྲ་སྒྲོགས་གཉིས་ཀ་སྲིན་པོའི་དོན་དུ་བཤད་མོད་།  སྐབས་འདིར་ཀླུ་ལ་ཡང་གོ་རུང་འདྲ་བས་འོ་ན་དེ་འདྲའི་ཀླུ་སྲིན་གཉིས་ཀྱང་གཞི་མཐུན་དུ་སོང་བ་མིན་ནམ། གནོད་སྦྱིན་ཞེས་སྨོས་པས་ཀྱང་སྐབས་འདིར་ཀླུ་ལ་གོ་འོས་པ་ཙམ་སྟེ།   གནོད་སྦྱིན་ཞེས་པ་སྤྱིར་ནོར་ལྷའི་རིགས་ལ་གྲགས་ཆེ་མོད་།   ཀླུ་ནི་ནོར་ལྷ་བཞིན་འབྱོར་བ་ཆེ་བའི་རྐྱེན་གྱིས་དེ་ལྟར་འབོད་པ་ལ་མི་རུང་བ་མེད་པས་སོ།  ཀླུ་སྲིན་གྱིས་སྲོག་ཆགས་གཞན་ལ་འཚེ་ཞིང་གནོད་པས་ན་གནོད་སྦྱིན་ཞེས་བཀྲལ་བར་འདོད་ན་ཆོག་མོད་།  བཅོམ་ལྡན་གྱི་གསུངས་ལས་རང་གི་འཁོར་གྱི་གཙོ་བོ་ལ་དེ་འདྲའི་མིང་འདོགས་ཞིག་མཛད་ཨེ་ཡོང་ན་སྙམ།  འོན་ཏེ་དེ་དག་ཀླུ་སྲིན་རང་རྒྱུད་པ་ཞིག་མིན་པ་ནི། རྒྱ་གར་བ་སློབ་དཔོན་ཀུ་མཱར་ཇི་བས་མཛད་པའི་མགོན་པོ་ཀླུའི་རྣམ་ཐར་ལས།  སློབ་དཔོན་ཉིད་ཀླུའི་རིགས་ཡིན་ཞིང་ཤིང་སྡོང་ཞིག་གི་འགྲམ་དུ་སྐུ་འཁྲུངས་པའི་རྐྱེན་གྱིས་ནཱ་ག་རྫུ་ན་སྟེ་ཀླུ་སྒྲུབ་ཏུ་གྲགས་པར་གསུངས་པ་དང་།  རྒྱ་ཡི་བཙུན་པ་ཧྥ་ཞེན་གྱི་ལམ་ཡིག་ལས།  གླིང་དེ་ན་དང་པོར་མི་མེད་ཅིང་། དེ་ན་གནས་པའི་སེམས་ཅན་ནི་བདུད་དང་གནོད་སྦྱིན་དང་། ཀླུ་དག་གནས་བཞིན་པ་ཡིན་ཡང་ཡུལ་གྲུ་གཞན་གྱི་ཚོང་པ་རྣམས་ཀྱིས་དེ་དག་དང་ཉོ་ཚོང་བྱེད་མུར་ཡོད་དེ། ཅེས་གསུངས་པ་འདི་ཁོ་ནས་ཀྱང་ཤེས་ཐུབ་པ་ཞིག་མིན་ནམ་སྙམ་ཏེ།  མགོན་པོ་ཀླུ་སྒྲུབ་མི་མིན་ཀླུ་རུ་འདོད་མཁན་གྱི་མཁས་བླུན་སུ་ཡང་ད་བར་བྱུང་མ་མྱོང་བ་དང་།  གལ་སྲིད་ཡུལ་དེའི་སྐྱེ་བོ་རྣམས་ཀླུ་སྲིན་དངོས་ཡིན་ན་ཚོང་པ་རྣམས་ཀྱིས་དེ་དག་དང་ཉོ་ཚོང་བྱ་ཐབས་མེད་པས་སོ། གནའ་དུས་ཡུལ་སྡེ་འགའ་རེར་ངང་གཤིས་རྩུབ་ཅིང་གནག་པ་དང་སྡིག་ལ་དགའ་བ་སོགས་ཀྱིས་བདུད་བཙན་ཀྱི་མིང་གིས་མ་གྲགས་པའང་མིན་ཏེ།   གླིང་སྒྲུང་ལས་བདུན་ཡུལ་མུན་པའི་གླིང་སོགས་མཐའ་ཡི་རྒྱ་ཕྲན་མང་པོ་ཞིག་ལ་འདྲེ་བདུད་་གྱི་མིང་གིས་སྨོས་པ་བཞིན་ནོ།  མ་ལ་ཡ་དང་ཆེས་མི་རིང་བའི་རྒྱ་གར་རང་གི་ས་ཐོག་ཏུ་ཡང་ལངྐའི་ཡུལ་ཕྲན་ཞིག་ཡོད་པ་ཐང་ཟན་ལམ་ཡིག་ལས་ངོས་འཛིན་བཅས་ཆེས་གསལ་བར་གསུངས་མོད་།  ཡོངས་གྲགས་ཀྱི་ལངྐའི་གླིང་ཕྲན་ནི་ཤྲཱི་ལངྐའམ་སིངྒ་ལའི་གླིང་རང་ལ་བྱས་ན་བདེ་བ་མིན་འགྲོ་སྙམ་་སྟེ།   གནའ་བོའི་རྒྱ་ཡི་གནས་བསྐོར་བ་གྲགས་ཅན་བཙུན་པ་ཧྥ་ཞེན་དང་།  ཐང་ཟན་གཉིས་ཀས་གནས་དེ་སངས་ཀྱིས་ལངྐར་གཤེགས་མདོ་གསུངས་སའི་ཡུལ་དུ་བཞེད་པ་དང་། ཁོ་རང་ཚོའི་ལོ་རྒྱུས་སུ་ཡང་། སྟོན་པ་གནས་དེར་ལན་གསུམ་དུ་ཕེབས་ནས།ལྷ་ཀླུ་སྲིན་པོའི་འཁོར་ལ་ཆོས་བསྟན་ཞེས་ཡོད་པ་གསེར་ཐང་ལས་གསུངས་པ་མ་ཟད།  ;གླིང་དེ་འབོད་སྒྲོགས་དང་ལངྐ་མགྲིན་བཅུའི་བསྟི་གནས་སུ་རིག་བྱེད་དང་སྙན་ངག་ལ་ཡོངས་སུ་གྲགས་པས་གོང་གི་མདོ་ཡི་ལུང་དང་ཡང་མཐུན་ཆེ་བ་བཅས་ཀྱིས་སོ།   མ་ལ་ཡ་ཡང་ཡུལ་དེའི་དཀྱིལ་ན་ཡོད་པའི་རི་བོ་མཐོན་པོ་རྩེ་མོར་གནམ་ལྕགས་ཀྱི་འཇིགས་པ་ཅན། ས་རི་པ་དཱ་ཞེས་ཡོངས་སུ་གྲགས་པ་དེ་ལ་བྱས་ན་ཡང་མ་ལ་ཡཱར་དགོས་པའི་ཁྱད་ཆོས་རྣམས་ཕལ་ཆེར་ཚང་བས་མི་རུང་བ་མེད་ཅིང་།  དེང་སང་བཞེད་མཁན་ཡང་འདུག་མོད། དེ་ལ་མ་ཡ་ཡའི་མིང་གིས་ཡོངས་སུ་མ་གྲགས་པ་ཞིག་ནི་མ་ཡིན་པ་འདྲ་སྟེ། རྒྱ་ཡི་ཡུལ་སྐོར་བ་སྔ་ཕྱི་སུས་ཀྱང་རི་བོ་དེ་ལ་དེ་ལྟར་འབོད་པར་མ་གསུངས་པ་དང་། &nbsདགེ་འདུན་ཆོས་འཕེལ་གྱིས་ཀྱང་ཤྲཱི་པ་དཱ་སྟེ་རི་བོ་དཔལ་གྱི་ཞབས་ཅེས་པ་ཙམ་ལས་མ་ལ་ཡའི་མིང་གིས་མ་སྨོས་པ་མ་ཟད་ཡུལ་དེའི་ཆུ་བོ་ཀ་ལུ་གངྒ་འབབ་པའི་ནུབ་ཕྱོགས་ཀྱི་རི་བོ་རྣམས་ལ་མ་ལ་ཡཱའི་མིང་གིས་གྲགས་ཚུལ་གསུངས་འདུག་པས་སོ། དེ་ལྟར་ཡང་གསེར་ཐང་ལས།ཤྲཱི་པ་དཱ་དཔལ་ཞབས་ནི་གླིང་གི་དབུས་སུ་ཡོད་ཅིང་། ཤིན་ཏུ་མཐོ།  གནམ་ལྕགས་ཀྱི་འཇིགས་པ་ཤིན་ཏུ་ཆེ་བས་སོས་དུས་ཀྱི་ཟླ་བ་གཉིས་ཙམ་ལས་མཇལ་མི་ཐུབ།  རི་འདི་ལ་ཧཱ་མྲ་ཀུ་ཊ་དང་ས་མནྟ་བྷ་དྲ་སྟེ་ཀུན་ཏུ་བཟང་པོ་སོགས་མིང་འགའ་རེ་ཡོད། རི་རྩེ་ན་བྲག་གི་སྟེང་དུ་སངས་རྒྱས་ཀྱི་སྐུ་ཁྲུ་གང་བ་ཡོད།  ཀ་ལུ་གངྒ་འབབ་པའི་ནུབ་ཆ་རྣམས་ལ་མ་ལ་ཡ་སྟེ་རིའི་ཡུལ་དུ་གྲགས། དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་མ་ལ་ཡ་སིངྒ་ལ་ན་ཡོད་པར་གསུངས་པ་ཡང་འདི་ལ་ཟེར། འོན་ཀྱང་སྙན་ངག་ལ་གྲགས་ཆེ་བའི་མ་ལ་ཡཱ་དེ་རྒྱ་གར་ལྷོ་ན་ཡོད། ཅེས་གསུངས།    དེས་ན་ཡོངས་གྲགས་ཀྱི་ལངྐ་སིངྒ་ལ་དང་། མ་ལ་ཡ་ནི་རྒྱ་གར་གྱི་དེ་ལ་བྱེད་དགོས་པར་མངོན་ནོ། དེ་བཞིན་ཤེས་བྱ་མཛོད་ལས་ཀྱང་།ཨ་ནུ་ཡོ་གའི་རྒྱུད་རྣམས་ལངྐའི་ཡུལ་དུ་གྲགས་པ་སིངྒ་ལའི་གླིང་དུ་གླེགས་བམ་བཅས་ཏེ་དངོས་སུ་བབས་ཅེས་གསུངས།  འོན་ཏེ་ཀུན་མཁྱེན་ཀློང་ཆེན་པས།   གསང་སྔགས་འབྱུང་གནས་ཀྱི་མ་ལ་ཡའི་རི་བོ་དེ་རྒྱ་གར་ཤར་ཕྱོགས་ཟ་ཧོར་ཀྱི་ཡུལ་དུ་ཡོད་པར་གསུངས་པས་གཅིག་ཏུ་ངེས་པར་ནི་མ་མཐོང་ངོ་། ཡང་ན་གསེར་ཐང་ལས། སྤྱིར་མ་ལ་ཡཱ་བྱ་བ་ཏ་མི་ལའི་སྐད་དེ། རིའི་མིང་ཙམ་ཡིན་ཞིང་།  ཏྲི་མ་ཡ་ཡཱ་བྱ་བའང་དེ་དག་གི་སྐད་དེ་ཤྲཱི་མ་ལ་ཡཱ་དང་དོན་གཅིག་ཅིང་། དཔལ་གྱི་རི་བོ་བྱ་བ་ཡིན། ཅེས། མ་ལ་ཡཱ་ཞེས་པ་ཏ་མིལ་གྱི་ཡུལ་སྐད་དང་དེ་ཡང་དཔལ་རིའི་དོད་སྟེ་ཏྲི་ཡི་ཤུལ་ན་ཤྲཱི་བཞག་ཚེ་ཤྲཱི་མ་ལ་ཡཱ་སྟེ། དཔལ་གྱི་རིའི་དོན་ཡིན་གསུངས་པ་ལྟར་ན། མགོན་པོ་ཀླུའི་སྒྲུབ་གནས་སུ་གྱུར་པའི་དཔལ་གྱི་རི་དང་འདབ་འབྲེལ་བའི་རི་རྒྱུད་སྤྱི་ལ་མིང་དེ་སྐད་དུ་གྲགས་པ་མིན་ནམ་སྙམ་སྟེ། ཕྱོགས་དེ་རྣམས་ཐམས་ཅད་ཙནྡན་གྱི་ནགས་ཀླུང་གིས་ཀུན་ནས་ཁྱབ་ཅིང་། ཡོངས་སུ་གྲགས་པའི་མ་ལ་ཡཱ་དང་ཡང་རི་རྒྱུད་གཅིག་གིས་གྲུབ་པ་མ་ཟད། གནས་དེར་ཡུམ་འབུམ་པ་བླངས་ས་ཡིན་པར་གྲགས་པའི་ཁྲོན་པ་ཞིག་ཀྱང་མཆིས་སོ། དེ་ལྟར་ན་ནི། མ་ལ་ཡཱ་ཞེས་པ་ཡང་ཐོག་མར་ལྷོ་ཕྱོགས་ཙནྡན་དང་བཅས་པའི་རི་ཚོགས་སྤྱིའི་མིང་ཙམ་ཡིན་པ་ལ་རིམ་པས་སྤྱི་སྒྲ་བྱེ་བྲག་ལ་འཇུག་པའི་ཚུལ་གྱིས། རི་ཕྲན་བྱེ་བྲག་པ་ཞིག་གི་མིང་དུ་གནས་གྱུར་སོང་བ་མིན་ནམ་སྙམ་དུ་ཡང་སེམས་སོ། སྤྱིར་མ་ལ་ཡཱ་ཞེས་པའི་མིང་གི་འབྱུང་ཁུངས་ཡང་རྒྱ་གར་རང་ཡིན་པ་འདྲ་སྟེ། གང་ལགས་ཤེ་ན། ཏ་མི་ལ་ནི་སིངྒ་ལ་དང་རྒྱ་མཚོའི་ཕ་རོལ་ཚུ་རོལ་བྱས་ཏེ་གནས་པའི་རྒྱ་གར་གྱི་ལུང་པ་ཡིན་ཞིང་དེང་སང་ཏ་མིལ་ཞེས་འབོད། གནའ་དུས་ཡུལ་དེའི་རྒྱལ་པོས་སིངྒ་ལར་བཙལ་འཛུལ་ཡང་ཡང་བྱས་པའི་ལོ་རྒྱུས་ཡོད་པ་དང་། སྐབས་དེར་ལྷག་པའི་ཏ་མིལ་གྱི་མི་རིགས་ཀྱང་ད་ལྟ་སིངྒ་ལར་མང་པོ་ཡོད།དེ་ཙམ་མ་ཟད་སིངྒ་ལའི་ཆུ་ལ་ཡང་རྒྱ་གར་གྱི་ཆུ་བོའི་མིང་གིས་ཐོག་ནས་ཡོད་པ་ཀ་ལུ་གངྒ་ལྟ་བུ་མང་ངོ་། དེ་བས་ན། མ་ལ་ཡཱ་ཞེས་པའི་ཐ་སྙད་འདི་ལ། ཐོག་མར་ཙནྡན་རི་བོའི་མིང་དང་དེ་ནས་རི་ཙམ་དང་ཡང་རི་བོ་བྱེ་བྲག་པ་ཞིག་གི་མིང་དུ་འཕོས་པ་བཅས་བརྒྱུད་རིམ་མི་འདྲ་བ་གསུམ་ཙམ་ཡོད་ཆོག་པ་མིན་འགྲོ་སྙམ། དེ་རྣམས་གང་ལྟར་ཡང་ཁོ་བོ་ལ་མི་འགལ་བ་ནི་། དེ་འདྲའི་རི་གླིང་གཉིས་པོ་རྒྱ་གར་ལྷོ་ཡི་ཕྱོགས་སུ་ཡོད་པ་ནི་སུ་ལ་ཡང་རྩོད་པ་མེད་ཅིང་ཕྱོགས་དེར་ལངྐའི་མིང་ཅན་གྱི་གནས་བརྒྱད་ ཡོད་པར་གྲགས་པ་ལས་གང་ཞིག་སྒྲ་སྒྲོགས་ཀྱི་གནས་ཡིན་ཀྱང་ཁོ་བོའི་འདོད་པ་གྲུབ་ ཅིང་དེ་ལྟའི་རི་བོ་རྣམས་དང་ཡང་མི་རིང་བས་སོ། གྲུབ་མཐའ་མཛོད་ལས།ཀ་ལིངྐའི་སྲིན་པོའི་རྒྱ་པོས་མཆོད་ཅིང་ཅེས་ཀ་ལིངྐ་ནི་སྲིན་ཡུལ་དུ་ངོས་བཟུང་ཞིང་དེ་ཡང་ལྷོ་ཕྱོགས་རང་ན་ཡོད་པ་སྟེ།དུང་དཀར་ཚིགས་མཛོད་ལས།ཀ་ལིངྐ་ནི་རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་ཡུལ་ལ་ཊྲྀ་ལངྐ་ལ་སོགས་པའི་ལངྐའི་མིང་ཅན་བརྒྱད་ཙམ་ཡོད་པའི་གཅིག་ ཡིན་ཞེས་དང་།མཁས་དབང་དགེ་ཆོས་ཀྱིས་མཛད་པའི་རྒྱ་གར་གནས་ཡིག་ལས་ཀྱང་།ཀ་ལི་ཀ་ ཏཱ་ནས་མེ་ལྡིར་ས་ལ་འགྲོ་བའི་མེ་འཁོར་ནང་ཞུགས་ཏེ་ཕྱིན་ན་ཐོག་མར་ཨོ་རི་ས་ལ་ སླེབས།ཡུལ་དེ་ནི་ཨོ་ཊཱི་བི་ཤའམ་ཀ་ལིངྐའི་ཡུལ་ཏེ། སྔོན་དུས་ནང་བསྟན་གསང་སྔགས་དར་བའི་གནས་ཡིན་པ་དང་།ད་ལྟ་ཡང་གསང་སྔགས་ཉམས་སུ་ལེན་པ་མང་པོ་ཡོད་།ཡུལ་དེ་རྒྱ་གར་རྒྱ་མཚོའི་འགྲམ་དང་ཉེ་བ་ན་ཛ་གད་ན་ཐ་ཟེར་བའི་ཁྱབ་འཇུག་གི་ལྷ་ཁང་ངོ་མཚར་ཅན་དེ་ཡོད་ཅེས་གསུངས། ལངྐའི་ཡུལ་ལ་སྐབས་དེར་ཀླུ་ཡུལ་དུ་གྲགས་པའང་། སྡོམ་འགྲེལ་ལས།ལངྐའི་བདག་པོ་སྒྲ་སྒྲོགས་ཀྱི་གནས་ཞེས་གསུངས་ཤིང་། དེ་ཉིད་སྐབས་དེར་ཀླུ་རྒྱལ་གྱི་བསྟི་གནས་སུ་གྱུར་བའང་། འདུལ་བ་ལུང་ལས།སྐྱེས་མཆོག་དེ་ཡི་མཆེ་བ་བཞི་བ་ནི། གྲོངས་ ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་བོར་མཆོད། ཅེས་འབྱུང་། དེ་ལས་དཔག་ན་ལྷ་དང་དྲི་ཟ་གནོད་སྤྱིན་ཞེས་པ་ཁག་ཅིག་ཀྱང་ཀྱང་དེ་འདྲའི་ལུང་ཚན་བྱེ་བྲག་པ་རེ་ལ་ཟེར་བཞིན་ཡོད་པ་ཅིས་མི་ཤེས། དེས་ན་ཐུབ་པས་ཀྱང་།བདེན་བཞིའི་ཆོས་འཁོར་ གཙོ་བོར་ཡུལ་དབུས་མ་ག་ངྷ་པ་རྣམས་དང་།འཁོར་ལོ་ཕྱི་མ་གཉིས་ནི་གཙོ་ཆེར་ལྷ་ཀླུ་གནོད་སྤྱིན་དྲི་ཟའི་ཡུལ་དུ་གྲགས་པའི་མཐའི་ཡུལ་ཕྲན་ཁག་ནས་འབྱོར་བ་རྣམས་ལ་གསུངས་ཞིང་། དེ་དག་གིས་སོ་སོའི་ཡུལ་དུ་ཁྱེར་བའམ། སྟོན་པ་ཉིད་ཡུལ་དེ་དག་ཏུ་དངོས་སུ་ཕེབས་ནས་གསུངས་པ་ཅི་རིག་པ་ལས་ཐེག་ཆེན་གྱི་སྡེ་སྣོད་གཙོ་ཆེར་མཐའ་ཡི་ཡུལ་ཕྲན་ཁག་ཏུ་བཞུགས་པ་ལས། ཕྱིས་བྱམས་འཇམ་དབྱངས་སྤྱན་རས་གཟིགས་རྣམས་ཀྱིས་རྒྱ་གར་ལྷོ་ཕྱོགས་བྷི་མ་སམ་བྷ་ཞེས་བྱ་བའི་རི་ལ་བཀའ་ཡི་བསྡུ་བ་བྱས་བ་བཞིན།ཐེག་པ་ཆེནཔོའི་སྡེ་སྣོད་ཕལ་ཆེ་བ་ལྷོ་ཕྱོགས་སུ་བཞུགས་པ། མགོན་པོ་ཀླུ་ཡི་འཁྲུངས་ཡུལ་ཡང་རྒྱ་གར་ལྷོ་ཕྱོགས་ཡིན་པ་བཅས་རྒྱུ་དང་རྐྱེན་གང་ལ་བལྟས་ཀྱང་ཡུམ་འབུམ་པ་ཡང་མགོན་པོ་ཀླུས་ལྷོ་ཕྱོགས་ཀླུ་ཡུལ་ཞེས་མིང་དུ་ཆགས་པའི་ལུང་ཚན་ཞིག་ནས་གདན་དྲངས་ཡོང་བ་གདོན་མི་ཟའོ་། ཐེག་ཆེན་གསར་དུ་དར་ཞེས་པའང་གཙོ་ཆེར་དགོན་སྡེ་ཁག་ཏུ་དར་བ་ལ་བྱ་ཞིང་། དེའང་སྟོན་པ་ཞལ་བཞུགས་སྐབས་ཐེག་པ་ཆེན་པོའི་ཆོས་རྣམས་རབ་བྱུང་གི་སྡེ་དང་དེ་ཙམ་འཚམ་པར་མ་གཟིགས་པས་ཐུན་མོངས་དགེ་འདུན་པའི་སྡེར་ལྟ་ཅི་གཙུག་ལག་ཁང་དག་ཏུ་ཡང་མ་བསྟན་པར། བྱ་རྒོད་ཕུང་བོའི་རི་རྩེར་སོགས་ཆ་ཁུག་ཀྱོག་དག་ཏུ་ཕེབས་ནས་རང་གི་ཐུན་མོང་མིན་པའི་འཁོར་རྣམས་ལ་ལྐོག་ཆོས་ཀྱི་ཚུལ་དུ་བརྩལ་བའི་རྐྱེན་གྱིས། ། ཐེག་ཆེན་གྱི་སྡེ་སྣོད་ལ་གནས་གཞི་བྱེ་བྲག་པ་ཞིག་མ་བྱུང་བ་ལས་ཕྱིས་ཡུལ་ཨངྷར་འཁྲུངས་པའི་གནས་བསྟན་དགྲ་བཅོམ་པ་དགའ་བོ་ཞེས་བྱ་བ་ཐེག་པ་ཆེན་པོ་ཐོག་མར་འཛིན་པ་ཞིག་བྱུང་བའི་ཚེ་བཙུན་པ་ཆེན་པོ་ཨབྷི་ཏརྐ་དང་།བི་ག་ཏཱ་ར་ག་ངྷ་དང་རྭ་ཧུལ་ མི་ཏྲ།ཛྙཱ་ན་ཏྲ་ལ་སོགས་པ་བྱམས་པ་དང་འཇམ་དབྱངས་སོགས་ལས་དངོས་སུ་ཆོས་གསན་པ་ ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ཤ་སྟག་ལྔ་བརྒྱ་ཙམ་བྱུང་ཞིང་རྒྱལ་པོ་ལཀྴི་ཨ་ཤོས་གཙུག་ལག་ཁང་དང་སློབ་མ་ཕུལ། སྡེ་སྣོད་རྣམས་གླེག་བམ་དུ་བྲིས་ཏེ་འཆད་ཉན་བཙུགས་ཞེས་འབྱུང་བ་ལ་བལྟས་ཀྱང་ཐོག་མར་འཛིན་པ་ཞེས་པའང་སྤྱིར་བཏང་མིན་ པར་དགེ་འདུན་གྱི་སྡེ་ལ་གོ་དགོས་པ་དང་གསར་དུ་དར་ཞེས་པའང་དེ་འདྲའི་གཙུག་ལག་ ཁང་ཞིག་གི་ནང་དུ་སྡེ་སྣོད་རྣམས་དངོས་སུ་བཞུགས་སུ་གསོལ་ཞིང་འཆད་ཉན་གྱི་སྡེ་དམིགས་སུ་ བྱུང་ལ་དོན་གྱིས་ཐོབ་བོ།

དེ་ལྟར་ཡང་རྒྱ་གར་ཆོས་འབྱུང་ལས།ནཱ་ལནྡཱ་ནི་སྔོན་འཕགས་པ་ཤཱ་རིིའི་བུ་འཁྲུངས་པའི་ཡུལ་དང་།མཐར་ཤཱ་རིའི་བུ་འཁོར་དགྲ་བཅོམ་པ་ཁྲི་ཕྲག་བརྒྱད་དང་བཅས་ཏེ་མྱ་ངན་ལས་འདས་པའི་ས་ཡང་ཡིན་ལ། བར་སྐབས་སུ་བྲམ་ཟེའི་གྲོང་ནི་སྟོངས། འཔགས་པ་ཤཱ་ རིིའི་བུའི་མཆོད་རྟེན་ཞིག་ཡོད་པ་ལ་རྒྱལ་བོ་མྱ་ངན་མེད་ཀྱིས་རྒྱ་ཆེར་མཆོད་ནས་སངས་རྒྱས་ཀྱི་ལྷ་ཁང་ཆེན་པོ་ཞིག་བཞེངས་སོ།།དེ་ནས་ཕྱིས་ཐེག་ཆེན་གྱི་དང་པོའི་སློབ་དཔོན་ལྔ་བརྒྱས་བཀའ་བགྲོས་ཏེ།གང་དུ་འཕགས་པ་ཤཱ་རིའི་བུའི་གནས་སུ་ཐེག་པ་ཆེན་པོའི་ཆོས་བསྟན་ན་ནི། ཐེག་པ་ཆེན་པོ་བ་རྣམས་ལ་ཆོས་ཤིན་ཏུ་དར་བར་འགྱུར་བའི་མཚན་མ་དང་།གལ་ཏ་མོོངྒལ་བུའི་གནས་སུ་བསྟན་ན་ནི་དབང་ཆེ་བ་ཙམ་དུ་འགྱུར་གྱི། ཆོས་འཕེལ་བ་ཁོ་ན་མ་ཡིན་པའི་མཚན་མ་གཟིགས་ནས་བྲམ་ཟེའི་སློབ་དཔོན་སྐུ་མཆེད་ཀྱིས་གཙུག་ལག་ཁང་བརྒྱད་བཞེངས་ཏེ།དེར་ཐེག་ཆེན་མཐའ་དག་གི་གླེགས་བམ་བཞུགས་པར་བྱས་སོ།།དེ་ལྟར་ནཱ་ལཎྡཱའི་གཙུག་ལག་ཁང་ཐོག་མར་འདེབས་པ་མྱ་ངན་མེད།ཆོས་གཞི་དར་ བར་མཛད་པ་སློབ་དཔོན་ལྔ་བརྒྱ་དང་། མཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་པོ།ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ་བོ།ཞེས་འབྱུང་།། དེ་ཙ་ན་གྲུབ་པ་ཡོངས་ཀྱི་སྤྱི་མེས་སྒྲ་གཅན་འཛིན་བཟང་པོ་བཙུན་པ་ནག་པོ་བྱ་བ་ཞིག་ལས་བསྙེན་པར་རྫོགས།རྣམ་པར་མི་རྟོག་པ་སོགས་སློབ་དཔོན་མང་པོ་དང་གསང་བའི་བདག་པོ་སོགས་ལྷག་པའི་ལྷ་མང་པོ་ལས་ཐེག་པ་ཆེན་པོའི་མདོ་རྒྱུད་རྒྱ་མཚོ་ལྟ་བུ་གསན་ནས་ན་ལེན་ཏྲར་ཆོས་བསྟན་ཏེ་ཐེག་པ་ཆེན་པོ་དབུ་མའི་ཚུལ་ལུགས་ཡོངས་སུ་གསལ་བར་མཛད།འདི་སྐབས་ཙམ་ན་བཙུན་པ་ཀ་མ་ལ་གརྦྷ་སོགས་དབུ་མའི་སྲོལ་འཛིན་པའི་སློབ་དཔོན་བརྒྱད་ཙམ་བྱུང་བ་ལས་བཙུན་པ་ཆེན་པོ་པྲ་ཀ་ཤ་ངྷརྨ་ནི་ཞེས་བྱ་བ་འཕགས་པ་སྒྲིབ་སེལ་ལས་དངོས་སུ་ཆོས་ནོད་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དེས་ས་ འོག་གི་འཇིག་རྟེན་ནས་འདུས་པ་ཆེན་པོ་སྟོང་ཕྲག་བརྒྱ་པ་ལེའུ་སྟོང་ཡོད་པ་སྤྱན་དྲངས་སོ།ཞེས་གསུངས་པས།ཁྱེད་ཀྱིས་དེ་ལྟ་བུའི་ངང་ནས་མི་ལོ་བརྒྱ་ཕྲག་མང་པོ་སོང་བ་ན་གཞི་ནས་སྔོན་གྱི་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་སོགས་ཀྱིས་གསུང་རབ་རྣམས་ཅུང་འདོན་པ་མི་འདྲ་བ་ཁ་ཅིག་གིས་འདོན་ཞིང་། འདས་ རྗེས་ཀྱི་ལོ་ཆིག་སྟོང་ལ་ཉེ་བའི་སྐབས་སུ་ད་བཟོད་ཀླུ་ཐོགས་གཉིས་སོགས་བརྒྱུད་ ནས་ཤིན་ཏུ་མི་འདྲ་བའི་ཆོས་སྐད་རླབས་པོ་ཆེ་དག་ས་ཁྱབ་རྡོ་ཁྱབ་གྱུར་པ་རེད། དེ་དག་གི་ཁུངས་དང་བརྒྱུད་པ་གང་ཡིན་དྲིས་པ་ན། ཀླུ་ སྒྲུབ་ཀྱིས་ཁོ་རང་ས་འོག་ཏུ་འཛུལ་ནས་ཡར་དྲངས་པ་ཡིན་ཚུལ་དང་།ཐོགས་མེད་ཀྱིས་ ཁོ་རང་ནམ་མཁའ་ལ་འཛེགས་ནས་མར་ཕབ་པ་ཡིན་ཚུལ་གསུངས་པ་མ་གཏོགས་འཇིག་རྟེན་མི་ ཡུལ་འདིར་མཛུབ་མོ་འཛུག་ས་གཅིག་ཀྱང་རེག་མེད་ཅེས་པ་ནི་རྫུན་ཚིག་ས་གཞིས་མི་ ཐེག་པ་ཞིག་རེད་མི་འདུག་གམ། ཀླུ་ ཡུལ་དུ་ཕེབས་ནས་ཡུམ་འབུམ་པ་ཙམ་མ་ཟད་ཀླུ་ཡི་འདམ་དང་ཙན་དན་གྱི་ཚོགས་བསྣམ་ནས་ ཕེབས་ཞེས་པ་ལ་བལྟས་ཀྱང་དེ་འདྲའི་ཀླུ་ཡུལ་ནི་ལྷོ་ཕྱོགས་རང་ཡིན་པ་ཤེས་སྟེ་རྒྱ་གར་ལྷོ་ཕྱོགས་ནི་དེང་སང་ཡང་ཙནྡན་གྱི་ཕ་ས་ལྟ་བུ་དང་།རྒྱ་མཚོའི་འགྲམ་ཡིན་པ་སོགས་ཀྱིས་གནས་དེར་ཀླུ་ཡི་ཡུལ་ཞེས་གྲགས་པར་སྣང་ངོ་། ས་འོག་ནས་གདན་དྲངས་ཟེར་བ་སོགས་ནིི་དངོས་དོན་ལ་སྒྲོ་བཏགས་ཀྱི་ལྷད་བཅུག་པའམ། བྱང་དང་ཡུལ་དབུས་ལ་ལྟོས་ན་ལྷོ་ཕྱོགས་རྒྱ་མཚོའི་ཉེ་འགྲམ་དེ་ས་བབས་ཁད་དམའ་ བའི་དབང་གིས་ས་འོག་གི་འཇིག་རྟེན་ཞེས་བརྗོད་ཀྱང་རྣམ་པ་གཅིག་ཏུ་ན་མི་རུང་བ་ མེད་དོ། གསངས་སྔགས་ཀྱི་རྒྱུད་སྡེ་རྣམས་ཀྱང་དེ་མཚུངས་ཨིནྟྲ་བྷུ་ཏི་སོགས་ཀྱི་བློ་དང་བསྟུན་ཏེ་གསང་བའི་ཚུལ་གྱིས་གསུང་བ་ལས། གསང་སྔགས་ཀྱི་རྒྱུད་སྡེ་རྣམས་གཙོ་ཆེར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་བཞུགས།དེས་ན་ཡུལ་དབུས་ཀྱི་སློབ་དཔོན་ཁག་ཅིག་ནི་གནས་དེ་ག་རང་དུ་བཞུགས་པ་ལས། ཕྱི་ཕྱོགས་སུ་འགྲུལ་བཞུད་ཆེར་མ་མཛད་སྟབས་ཐེག་དམན་གྱི་སྡེ་སྣོད་ཙམ་ལས་གཞན་ལ་ཆ་རྒྱུས་མེད་མོད་། ཁག་ཅིག་ནི་གནས་གཅིག་ཏུ་རང་མི་བཞུགས་པར་ཡུལ་ཕྱོགས་གང་སརཕེབས་ཏེ་རྒྱལ་ཁམས་པ་གནང་བའིརྐྱེན་ལས། མཐོང་ཐོས་རྒྱ་ཆེ་ཞིང་རིམ་པས་ཐེག་ཆེན་གྱི་སྡེ་སྣོད་དང་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་མཐའ་ཡི་ཡུལ་ཕྲན་ཁག་ནས་བསྣམས་ཕེབས་པ་ལས། ལྷ་ཀླུ་གནོད་སྦྱིན་སྲིན་པོ་ ལ་སོགས་པའི་ཡུལ་ནས་གདན་དྲངས་སོ་ཞེས་འཇིག་རྟེན་ན་དེ་ལྟར་གྲགས་པར་མངོན་ནོ། དེ་ལྟ་བས་ན་རྒྱ་ནག་གི་སློབ་དཔོན་ཐང་ཟེན་སོགས་ཀྱིས་གསང་སྔགས་ཁྱེར་མ་འོངས་པའི་རྒྱུ་མཚན་བཅས་ལའང་གོ་བ་ནམ་ལངས་པ་འདྲ་རེ་འཆར་རྒྱུ་ཅི་ཕྱིར་མེད་།སློབ་དཔོན་འཕགས་པ་ལྷའི་རྣམ་ཐར་ལས་ཀྱང་།སིངྒ་ལའི་གླིང་གི་རྒྱལ་པོ་པནྩིའི་ཤྲི་གྃ་ཞེས་བྱ་བ་ཞིག་ལ་སྲས་མཆོག་དང་ལྡན་པ་ཞིག་བྱུང་།ཆེར་སྐྱེས་ནས་རྒྱལ་ཚབ་ཀྱི་ས་ལ་བཞག་ཀྱང་རབ་ཏུ་བྱུང་ལ་ལྷག་པར་མོས་པར་གྱུར་ཏེ་མཁན་པོ་མ་ཧ་དེ་ཝ་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་སྙེན་པར་རྫོགས་སོ།སྡེ་སྣོད་གསུམ་པོ་ཐམས་ཅད་ཆུབ་པར་བྱས་པ་ན།ཡུལ་ སྣ་ཚོགས་ཀྱི་ལྷ་ཁང་དང་མཆོད་རྟེན་དག་བལྟ་བའི་ཕྱིར་འཛམ་པའི་གླིང་དུ་བྱོན། ཞེས་གསུངས་པས་ཀྱང། དེ་དུས་འཛམ་བུའི་གླིང་ངམ་མི་ཡུལ་ནི་ཡུལ་དབུས་ཙམ་ལ་གྲགས་པར་མངོན་ནོ་། འདུལ་བ་ལུང་ལས་ཀྱང་།

སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། བདུན་ནི་འཛམ་བུ་གླིང་པའི་མཆོད་པར་ཐོབ།

སྐྱེས་ མཆོག་དེ་ཡི་བྲེ་བོ་བཞི་དག་ལས།མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད་།

གཉིས་པ་ཚིག་འཛིན་ཡིད་འོང་གྲོང་ཁྱེར་ན།གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ

།སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི།གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད།

ཅེས་ སོགས་འབྱུང་།

མ་ག་དྷ་དབུས་འཛམ་བུའི་གླིང་དུ་གྲགས།

མཐའ་ཡི་ཡུལ་ཕྲན་ཀླུ་དང་སྲིན་པོའི་གནས།

རྒྱལ་ཡུམ་འབུམ་པ་ལྷོ་ཡི་ཕྱོགས་ནས་ཕེབས།

གསང་བའི་དཀོར་མཛོད་ནུབ་ཀྱི་ཕྱོགས་སུ་བྱེ་།

འཕགས་པ་ཐོག་མེད་ཀྱིས་རྗེ་བཙུན་བྱམས་མགོན་ཇི་ལྟར་བསྒྲུབ་ཅིང་བསྙེན་པ་དང་དགའ་ལྡན་ གྱི་གནས་ནས་བྱམས་ཆོས་ཀྱི་སྐོར་ཇི་ལྟར་སྤྱན་དྲངས་པ་དང་བསྟན་བཅོས་བརྩམས་པའི་ཚུལ་ཡང་འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ།།ལོ་ནི་དགུ་བརྒྱ་ལོན་པ་ན།།ཐོགས་མེད་ཅེས་བྱའི་དགེ་སློང་ནི་། བསྟན་ བཅོས་ཀྱིས་ནི་དོན་ལ་མཁས།།མདོ་སྡེ་ངེས་དོན་དྲང་བའི་དོན།།རྣམ་པ་མང་པོ་རབ་ཏུ་ འབྱེད།།འཇིག་རྟེན་རིག་པ་སྟོན་བདག་ཉིད།།གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར།།ཞེས་ ལུང་གིས་བསྟན་ཅིང་ས་གསུམ་གྱི་རྟོགས་པ་བརྙེས་པ་འཕགས་པ་ཐོགས་མེད་ནི།སྔོན་ རྒྱལ་བོ་གོོ་ཌ་འཕེལ་གྱི་དུས་དགེ་སློང་སྡེ་སྣོད་གསུམ་འཛིན་པ་འཕགས་པ་སྤྱན་རས་གཟིགས་ལ་ཡི་དམ་བྱེད་པ་ཞིག་ཡོད་པས་དུས་ལན་ཅིག་དགེ་སློང་གཞན་ཞིག་དང་གལ་བཟུང་བ་དང་།གཞུང་གཟུག་པ།བརྒལ་བརྟག་བྱེད་པའི་ཚེ་ང་རྒྱལ་གྱི་སྐྱོན་གྱིས་དེ་ལ་བུད་ མེད་ཀྱི་རིག་པ་ཅན་འདི་ཞེས་སྨད་དོ།།དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ གིས་ཁྱོད་ཀྱི་ལས་འདིས་སྐྱེ་བ་མང་པོར་བུད་མེད་དུ་སྐྱེ་བར་འགྱུར་རོ།།འོན་ཀྱང་ བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ནི་ང་ཡིན་ནོ་ཞེས་ གསུངས་སོ།།དེ་ནི་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་དུས་ཙམ་ན་སྐྱེ་བ་བླངས་པ་ནི། བྲམ་ཟེ་མོ་པྲ་ཀཱ་ས་ཤཱི་ལ་ཞེས་པ་རབ་ཏུ་གསལ་བའི་ངང་ཚུལ་མ་ཞེས་པ་ཡིན་ཏེ།དེ་ སྐྱེ་བ་དྲན་ཅིང་ཆུང་ངུ་ནས་མདོ་སྡེ་དང་།མངོན་པའི་གཞུང་ལུགས་དག་མཐོང་ཞིང་ཐོས་ པ་ཙམ་གྱིས་རང་ཤེས་པ་འཔགས་པ་སྤྱན་རས་གཟིགས་རྟག་ཏུ་མཆོད་པ།དགེ་བ་བཅུའི་ལམ་ལ་ ངང་གིས་གནས་པ།བྱང་ཆུབ་ཀྱི་སེམས་སྟོབས་སུ་གྱུར་པ་ཞིག་སྟེ།འདི་དགེ་སློང་མར་ འདོད་པ་འཁྲུལ་བ་ཡིན་ལ།ཆེར་སྐྱེས་པ་ན།དེ་རྒྱལ་རིགས་ཞིག་དང་འདུས་པ་ལས་ཁྱེའུ་ མཚན་དང་ལྡན་པ་བཙས་ཏེ་བློ་རྣོ་བའི་ཆོ་ག་བྱས།ཅུང་ཟད་ཆེར་སྐྱེས་པ་ན་ཡི་གེ་དང་ རྩིས་དང་།བརྟག་པ་བརྒྱད་དང་།བརྡ་སྤྲོད་དང་།རྟོག་གེ་དང་།སྨན་དཔྱད་དང་།བཟོའི་ གནས་རྣམས་དང་།རིག་པའི་གནས་བཅོ་བརྒྱད་ལ་སོགས་པ་མ་ཉིད་ཀྱིས་ལེགས་པར་བསླབས་ཏེ་ ཤིན་ཏུ་བྱང་ཞིང་གསལ་བར་གྱུར་ཏོ།།དེས་རང་གི་རིགས་ཀྱི་ཆོས་འདྲི་བ་ན་བུ་ཁྱོད་རིགས་ཀྱི་བྱ་བ་བྱེད་པའི་ཕྱིར་བསྐྱེད་པ་མ་ཡིན་ཏེ།དམ་པའི་ ཆོས་དར་བར་བྱ་བའི་ཕྱིར་བསྐྱེད་པ་ཡིན་ན།རབ་ཏུ་བྱུང་ནས་མང་དུ་ཐོས་པ་དང་ཏིང་ ངེ་འཛིན་ཐོབ་པར་གྱིས་ཤིག་ཅེས་གསུངས་པ་ལྟར་རབ་ཏུ་བྱུང་ནས་མཁན་པོ་དང་སློབ་ དཔོན་དང་དགེ་འདུན་གྱི་ཞབས་འབྲིང་གི་བྱ་བས་དུས་འདའ་བ་ལོ་གཅིག་ཏུ་མཛད་ནས། བསྙེན་པར་རྫོགས་ནས་ལོ་ལྔའི་བར་དུ་ཀློག་པ་ལ་བརྩོན་པར་གནས་ཏེ།ལོ་རེ་རེར་ཚིགས་ སུ་བཅད་པ་འབུམ་འབུམ་གྱི་ཚིག་དོན་ཐམས་ཅད་ཆུབ་པར་བྱས།དེ་ལྟར་ཐུན་མོང་གི་སྡེ་ སྣོད་གསུམ་དང་།ཐེག་པ་ཆེན་པོའི་མདོ་སྡེ་ཁ་ཅིག་ནི་རྟོགས་པར་སླ་ཡང་།ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་བརྗོད་བྱ་མ་ཟློས་ཤིང་མ་འཛིངས་པ་ནི་རྟོགས་པར་ དཀའ་བར་དགོངས་ནས།རི་བོ་བྱ་རྐང་ཅན་དུ་གྲགས་པ་དེའི་ཕུག་ཅིག་ཏུ་འཕགས་པ་བྱམས་པ་ བསྒྲུབས་ཏེ་ལོ་གསུམ་དུ་ལྟས་ཅི་ཡང་མ་བྱུང་བས་ཐུགས་མུག་ནས་ཕྱིར་ཐོན་པས།བྲག་ གི་ངོས་ལ་བྱའི་ཚང་བཅས་སྔ་དྲོ་ཟན་འཚོལ་བ་ལ་འཕུར་བ་དང་།དགོངས་ཀ་ཚང་དུ་ལོག་ ཡོངས་པ་བྲག་གི་ངོས་ལ་གཤོག་པ་རེག་ཙམ་དེ་བྱུང་བ་ལ།ཡུན་རིང་བས་བྲག་ཟད་པར་ གཟིགས་ནས་ངའི་བརྩོན་འགྲུས་ཆུང་ངོ་སྙམ་ནས་སླར་ལྡོག་སྟེ་ལོ་གསུམ་སྒྲུབ་པ་མཛད། དེ་བཞིན་དུ་ཡང་ཐོན་པ་ན།ཆུ་ཐིགས་ཀྱིས་བྲག་ཟད་པ་གཟིགས།ཡང་ལོ་གསུམ་བསྒྲུབས་ཏེ་ ཐོན་པ་ན།མི་རྒན་པོ་ཞིག་རས་བལ་འཇམ་པོས་ལྕགས་འཕྱིད་པར་བྱེད་ཅིང་།འདི་ལས་ཕྲ་ ཁབ་བྱེད་པ་ཡིན།སྔར་ཡང་རས་བལ་གྱིས་ཕྱིས་ཏེ་ལྕགས་ཟད་པ་ལས་ཁབ་འདི་ཙམ་བྱུང་ ངོ་།།ཞེས་སྣོད་ཅིག་ཁབ་གྱིས་གང་བ་བསྟན་ནོ།།ཡང་ལོ་གསུམ་བསྒྲུབས་ཏེ།དེ་ལྟར་ལོ་ བཅུ་གཉིས་སུ་ལྟས་མ་བྱུང་བས་ཐུགས་སྐྱོ་སྟེ་ཐོན་ནས་ཕྱིན་པས།གྲོང་ཁྱེར་ཞིག་ན་ཁྱི་མོ་མི་ལ་ཟུག་ཅིང་ཟ་བ།སྨད་འབུས་ཁྱེར་བ་ཞིག་གཟིགས་ནས་སྙིང་རྗེ་ལྷག་པར་སྐྱེས་ཏེ།འབུ་འདི་རྣམས་མ་བསལ་ན་ཁྱི་འདི་འཆི་ལ།བསལ་ནས་བོར་ན་འབུ་རྣམས་འཆི་ བས་རང་གི་ལུས་ཀྱི་ཤ་རྣམས་བཅད་ནས་དེར་འབུ་རྣམས་གཞུག་པར་བྱའོ་སྙམ་སྟེ།ཨ་ཙིནྟ་ ཞེས་བྱ་བའི་གྲོང་ཁྱེར་ནས་སྤུ་གྲི་བླངས།ལྷུང་བཟེད་དང་འཁར་གསིལ་གཏེང་པར་བཞག སྤུ་ གྲིས་སྐུའི་བརླ་ཤ་ནས་ཕྲལ་ཏེ།སྤྱན་བཙུམས་ནས་འབུ་རྣམས་བླང་བར་བརྩམས་པ་ན།ཕྱག་ གིས་ཡུལ་བ་ལས་ཅི་ཡང་མ་རྙེད་ནས་སྤྱན་ཕྱེ་བ་ན།ཁྱི་དང་འབུ་མེད་པར་རྗེ་བཙུན་ བྱམས་པ་མཚན་དཔེ་འོད་དུ་འབར་བ་གཟིགས་ནས།ཀྱེ་མ་ཡབ་གཅིག་བདག་གི་སྐྱབས།།ངལ་ བརྒྱས་འབད་ཀྱང་འབྲས་མ་མཆིས།།ཅིའི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང་།།གདུང་བས་ བསྲེགས་ཏེ་སྐོམ་ཚད་འབབ།།བདག་གིས་དེ་ཙམ་དུ་བསྒྲུབས་ཀྱང་ཞལ་མི་སྟོན་པ་ཞེས་ སྤྱན་ཆབ་ཕྱུང་བས།ལྷ་ཡི་རྒྱལ་བོས་ཆར་ཕབ་ཀྱང་།།ས་བོན་མི་རུང་མི་འཁྲུངས་ལྟར།། སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང།།སྐལ་བ་མེད་པས་བཟང་མི་མྱོང་།།རང་གི་ལས་ཀྱི་ སྒྲིབ་པས་བསྒྲིབས་ཏེ་མ་མཐོང་བ་ཡིན་གྱིས།ང་ནི་རྟག་ཏུ་ཁྱོད་ཀྱི་དྲུང་ན་གནས་ སོ།།སྔར་རིག་སྔགས་བཟླས་པའི་ནུས་པ་ཐམས་ཅད་ད་ལྟར་སྙིང་རྗེ་ཆེན་པོས་རང་གི་ལུས་ ཀྱི་ཤ་བཅད་པའི་དཀའ་བ་དེས་སྡིག་སྒྲིབ་དག་སྟེ་མཐོང་བ་ཡིན་གསུངས།ད་ལྟར་ཕྲག་པར་ ཁུར་ལ་གྲོང་ཁྱེར་གྱི་སྐྱེ་བོ་རྣམས་ལ་སྟོན་ཅིག་གསུང་།བསྟན་པས་གཞན་སུས་ཀྱང་ ཅི་ཡང་མ་མཐོང་།ཆང་བཙོང་མ་ཞིག་གིས་ཁྱི་གུ་ཞིག་ཁུར་བར་མཐོང་བ་ན་ཡང་པྱིས་ལོངས་ སྤྱོད་ཟད་མི་ཤེས་པ་བྱུང་།དབུལ་བོ་ཁུར་བསྐྱེད་པས་འཚོ་བ་ཞིག་གིས་ཞབས་མགོ་ཙམ་ མཐོང་བས་ཀྱང་ཏིང་ངེ་འཛིན་བརྙེས་ཤིང་།ཐུན་མོང་གི་དངོས་གྲུབ་ཐོབ་བོ།།དུས་དེ་ ཉིད་དུ་སློབ་དཔོན་གྱིས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ།ཁྱོད་ཅི་འདོད་གསུང་བ་ ལ།ཐེག་པ་ཆེན་པོ་དར་བར་ཞུ་ཞེས་ཞུས་པས།ངའི་གོས་ཀྱི་མཐའ་ལ་འཇུས་ཤིག་གསུང་། འཇུས་པས་དེ་མ་ཐག་དགའ་ལྡན་དུ་བསླེབས།མི་ལོ་ཉེར་ལྔ་བཞུགས་ནས་མགོན་པོ་མི་ཕམ་པ་ ལས་ཐེག་པ་ཆེན་པོའི་ཆོས་མ་ལུས་པ་མཐའ་དག་གསན་ཏེ།མདོ་སྡེ་ཐམས་ཅད་ཀྱི་དོན་ཐུགས་ སུ་ཆུད།བྱམས་པའི་ཆོས་ལྔ་གསན་པ་ན་དོན་ཚན་རེ་རེ་གསན་པ་ཙམ་གྱིས་ཏིང་ངེ་འཛིན་ གྱི་སྒོ་མི་འདྲ་བ་རེ་ཐོབ།སླར་ཡང་མིའི་ཡུལ་དུ་བྱོན་ནས་འགྲོ་དོན་མཛད།མངོན་པར་ ཤེས་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་དུ་ཆེན་པོར་གྱུར།སློབ་དཔོན་ དེས་བྱམས་པའི་ཆོས་ལྔ་ཡང་ཡི་གེར་བཀོད།མངོན་པ་ཀུན་ལས་བཏུས་དང་།ཐེག་པ་ཆེན་པོ་ བསྡུས་པ་དང།ས་སྡེ་ལྔ་དང་མངོན་པར་རྟོགས་པའི་རྒྱན་གྱི་རྣམ་པར་བཤད་པ་ལ་སོགས་པ་བསྟན་བཅོས་མང་དུ་མཛད། སློབ་མའི་ཚོགས་མང་པོར་སོ་སོའི་བློ་དང་འཚམས་པར་ཆོས་མང་དུ་བསྟན་ཏེ།ཉན་ཐོས་ཀྱི་སྡེ་སྣོད་གསུམ་དང་། ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བརྒྱ་ ཙམ་བཤད་ཅིང་། ཐམས་ཅད་ཀྱང་ཡང་དག་པའི་དོན་ལ་བཀོད་པས་ཐེག་པ་ཆེན་པོ་ལ་རིགས་སད་ ཅིང་མདོ་སྡེའི་དོན་ལ་བློ་གྲོས་རྒྱས་པ་སྟོང་ཕྲག་བརྒལ་བ་ཙམ་བྱུང་སྟེ།དེ་ཡང་ སྔོན་ཐེག་པ་ཆེན་པོ་ཤིན་ཏུ་དར་བ་ལས།ཕྱིས་དུས་ཀྱི་དབང་གིས་བློ་གྲོས་ཆུང་ངུར་ གྱུར་པ་དང་།དགྲ་ལན་གསུམ་གྱིས་རིམ་པས་ཉམས་ཏེ།སློབ་དཔོན་འདི་བྱོན་པའི་དུས་ཀྱི་ཐོག་མ་ན།ཐེག་པ་ཆེན་པོའི་ཕྱོགས་འཛིན་པའི་དགེ་སློང་མང་པོ་ཡོད་ནའང་ཐེག་པ་ཆེན་པོ་མངོན་པར་ཤེས་པ་ནི་ཡེ་མེད་ཅིང་།མདོ་སྡེ་རེ་རེ་ནས་འདོན་པ་དར་པོ་ཡོད་ཀྱང་། མདོ་དོན་ཇི་བཞིན་དུ་ཤེས་པ་མེད་པ་ལ་གནས་དེར་སློབ་མའི་མཆོག་བརྒྱད་དང་བཅས་པས་ཆོས་བསྟན་པས། དེ་ལྟར་གྱུར་པའི་ཚེ་ཐེག་པ་ཆེན་པོའི་བསྟན་པ་བར་སྐབས་སུ་ནུབ་པ་ལས་སླར་ཡང་དར་བར་གྱུར་ཏོ་ཞེས་ཕྱོགས་ཀུན་ཏུ་གྲགས་སོ།། ཞེས་འབྱུང་བས། གལ་སྲིད་ཁྱེད་ཅག་སློབ་དཔོན་ལྷ་ཡུལ་དུ་ཕྱིན་པ་ཁས་མ་བླང་རུང་ཁོང་གིས་བརྩམས་པའི་ཐེག་ ཆེན་གྱི་བསྟན་བཅོས་རྣམས་ཁུངས་མེད་དུ་ཇི་ལྟར་འགྱུར་ཏེ།རི་བོ་བྱ་རྐང་དུ་མ་ཕེབས་ པའི་སྔོན་ཞིག་ནས་དགེ་བའི་བཤེས་དུ་མའི་དྲུང་ནས་ཐེག་པ་ཆུང་གི་སྡེ་སྣོད་ལ་མཁས་པའི་གོ་འཕང་ཐོབ་ཟིན་པའི་ཕྱིར་།དཔེར་ན་སློབ་དཔོན་དབྱིག་གཤེན་དང་དེས་བརྩམ་པའི་བསྟན་བཅོས་མཛོད་བཞིན་ནོ་། སྔོན་ཐེག་ཆེན་ཤིན་ཏུ་དར་བ་ལས་དགྲ་ལན་གསུམ་གྱིས་ནུབ་པ་ལས་སླར་སྤེལ་བར་གསུངས་ན་་དེ་གསར་དུ་རྩོམ་པ་པོར་ཡང་ཇི་ལྟར་འཐད་ཏེ་དེ་འདྲའི་སྤེལ་བ་པོ་དང་སྤེལ་བྱ་ལ་རྒྱུ་འབྲས་གྱི་གོ་རིམ་ཡོད་དགོས་པས་སོ།ཐུན་མོང་གི་ སྣང་ཚུལ་ལྟར་ན་དགའ་ལྡན་ལྟར་དབེན་པའི་རི་བོ་བྱ་རྐང་གི་རྩེར་རྗེ་བཙུན་བྱམས་ མགོན་གྱིས་བྱིན་གྱིས་བརླབས་ནས་བསྟན་བཅོས་རྣམས་བརྩམས་པ་མི་འགལ་བ་ནི་། གཅུང་དབྱིག་གཉེན་གྱིས།

ཀྱེ་མ་ཐོགས་མེད་ནགས་སུ་ལོ།

བཅུ་གཉིས་བར་དུ་བྱམས་པ་བསྒྲུབས།

བྱམས་པ་མ་གྲུབ་གླང་ཆེན་གྱི་།

རྒྱབ་ཁལ་ལོང་པའི་བསྟན་བཅོས་བརྩམས།

ཞེས་སྨྲས་པར་གྲགས་པས་སོ།
མི་རྟག་པའི་སྐོར་གྱི་རྩོད་སྤོང་། ཡང་དངོས་པོའི་གནས་ཚུལ་གཉིས་པ་མི་རྟག་པའི་སྐོར་ལ། ཁྱེད་ནས་འདི་སྐད་དུ་། སངས་རྒྱས་ཉིད་ཀྱི་ཞལ་ནས་འདུས་བྱས་ཐམས་ཅད་མི་རྟག་པའོ། ཞེས་པ་ཙམ་ལས་རྒྱུན་དང་སྐད་ཅིག་མའི་ཁྱད་པར་གསལ་པོར་མ་གསུངས། དེ་ཉིད་བྱེ་སྨྲ་ཁ་ཅིག་གིས་རགས་རྒྱུན་གྱི་མི་རྟག་པའི་དོན་དུ་འདོད། མདོ་སྡེ་པ་སོགས་ཀྱི་ཕྲ་བའི་མི་རྟག་པར་འགྲེལ་ཡང་། མི་རྟག་པའི་གོ་དོན་ཡག་པོ་ཞིག་ངོས་ཟིན་མེད། དཔེར་ན་བྲག་རྡོ་རླུང་གིས་ཟད་པ་དང་སྲོག་ཆགས་རྒས་ནས་འཆི་བ།སྐྱེ་དངོས་འཚར་ནས་ལོངས་པ་སོགས་ནི་མཁས་བླུན་སུས་ཀྱང་ཤེས་པས་བསྒྲུབ་མི་དགོས་སོགས་གསུངས།དེ་ལ་ཡང་མདོ་ལས།འདུས་བྱས་ཐམས་ཅད་ནི་མི་རྟག་པའོ།ཞེས་དང་།ཀྱེ་མ་འདུ་བྱེད་རྣམས་མི་རྟག། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཉིད་། ཅེས་སོགས་གསུངས་ཤིང་། དེ་ལ་དབྱེ་ན་རགས་པ་རྒྱུན་དང་ཕྲ་བ་ཆོས་ཉིད་ཀྱི་མི་རྟག་པ་གཉིས། ཞེས་མཁས་པ་རྣམས་ལ་ཡོངས་སུ་གྲགས། དེ་ལ་ཁྱེད་ཀྱིས་མི་རྟག་པའི་གོ་དོན་ཡག་པོ་ཞིག་ངོས་མ་ཟིན་པར་གསུངས་པ་ནི་ཐལ་ཆེས་པ་ཞིག་སྟེ། མི་རྟག་པའི་དོན་ནི་འཇིག་པ་དང་འགྱུར་པའི་རང་བཞིན་ཞིག་ལ་ཟེར་ན། དངོས་པོ་མྱུ་གུ་ལྟ་བུ་ལ།སྔ་མ་དེ་མ་གྲུབ་པའི་དབང་དུ་བཏང་རུང་ཕྱི་མ་ནི་ངེས་པར་གྲུབ་པའི་ཕྱིར་རོ། མི་རྟག་པའི་དོན་ཡང་འཇིག་པ་ལ་གོ་བའི་ཤེས་བྱེད་ནི། མདོ་ལས།སྐྱེ་དང་འཇིག་པའི་བདག་ཉིད་ཅན་།ཞེས་དང་། བཞི་བརྒྱ་བ་ལས།མི་རྟག་པས་གནས་ག་ལ་ཡོད་ཅེས་དང་།སྐྱེ་བ་མེད་ཀྱང་འཇིག་པ་ལས། གལ་ཏེ་མ་འོངས་མི་རྟག་ན།ཞེས་དང་།གང་ཕྱིར་དངོས་པོ་འཇིག་འགྱུར་བ། དེས་ན་རྟག་པར་མི་འགྱུར་རོ། ཞེས་སོགས་ཇི་སྐད་འབྱུང་བ་ལྟར་དང་། འགྱུར་བའི་དོན་ལ་གོ་བ་ཡང་ལུང་དེ་སྙེད་དང་གཞན་ཡང་།དངོས་རྣམས་ཡོངས་སུ་འགྱུར་བ་ཡང་། ཡིད་ཀྱིས་ཀྱང་ནི་འཛིན་མི་འགྱུར། ཞེས་སོགས་གསུངས།སྔ་མ་ཡང་འགྱུར་བ་དང་དོན་གཅིག་ཏུ་བྱས་ནས་འཇིག་པ་དང་འགག་པའི་དོན་གནས་སྐབས་དང་ཁྱད་པར་ལ་སྦྱར་རུང་མོད། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཉིད་།ཞེས་དང་།སྐྱེ་བ་མེད་ཀྱང་འཇིག་པ་ལས།ཞེས་སོགས་ དང་ཅུང་འགྲིག་དཀའ་སྟེ།དེ་འདྲའི་འགག་པ།སྐྱེ་འགག་གི་ཟླས་ཕྱེས་པའི་འགག་འཇིག་ལ་ བྱས་འདུག་པ་མ་ཟད།ཇི་ལྟར་རྣམ་ཤེས་གཅིག་གིས་ནི།དོན་གཅིག་རྣམ་པར་མི་ཤེས་པ།དེ་ བཞིན་རྣམ་ཤེས་གཉིས་ཀྱིས་ནི།དོན་གཅིག་རྣམ་པར་མི་ཤེས་སོ།ཞེས་བུམ་འཛིན་མིག་ ཤེས་སྐད་ཅིག་སྔ་ཕྱི་གཉིས་ཀྱི་ཡུལ་ཐ་དད་དུ་ནན་གྱིས་བསྒྲུབ་པའི་ཕྱིར་རོ།ཁོ་ བོས་འདི་ལྟར་ཟེར་དོན་ཡང་མྱུག་སོགས་ལ་ཡིད་ཅི་ཙམ་གཏད་ཀྱང་།མྱུ་གུ་སྡོང་བུ་ལ་ འགྱུར་འགྲོ་བ་ཙམ་ལས།མྱུ་གུ་མེད་པ་ཆགས་ནས་སྡོང་བུ་གསར་དུ་བྱུང་བའི་རྣམ་པ་ ཞིག་ཚུར་མཐོང་གི་བློ་ངོར་འཆར་དུ་མེད་པ་དང་།ཚན་རིག་པས་ཀྱང་དངོས་པོའི་འཁོར་རྒྱུག་ཙམ་ལས་སྔ་མ་དེ་འགག་ནས་མེད་པར་ཆགས་པའི་འདོད་ཚུལ་འཛིན་གི་མེད་འདྲ་བ་དང་།ཕྲ་མོའི་འགྱུར་བ་ཙམ་གྲུབ་པས་ཀྱང་།ཆོས་གཞུང་ལས།ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་ བའོ་ཞེས་པའི་འགྱུར་བའི་སྡུག་བསྔལ་དང་།རྗེས་ཐམས་ཅད་ཀྱི་ནང་ན་གླང་པོ་ཆེའི་རྗེས་མཆོག་ཡིན་པ་བཞིན་དུ། འདུ་ཤེས་ཐམས་ཅད་ཀྱི་ནང་ན་མི་རྟག་པའི་འདུ་ཤེས་ནི་མཆོག་གོ་ཞེས་སོགས་ཀྱི་ལུང་གི་བསྟན་དོན་ལ་གནོད་པའམ་ཆུད་འཛའ་བ་ཅི་ཡང་མེད་པར་སོར་གནས་ཐུབ་པ་ཙམ་དུ་མ་ཟད། དེང་དུས་ཀྱི་ཚན་རིག་དང་གསར་སྐྱེས་ཚོའི་མོས་ཁམས་དང་ཡང་མཐུན་ཆེ་བ་བཅས་ཀྱིས་སོ། དང་པོར་མི་འཇིག་ཕྱིས་མི་འཇིག།ཞེས་པའི་དོན་ཡང་། ཤིང་སྡོང་ལྟ་བུར་མཚོན་ན་ལོ་རེ་བཞིན་གཡག་གི་ར་བཞིན་འགྱུར་བསྐྱེད་སོང་བར་ བརྟེན་དེང་སང་ཞིབ་འཇུག་པ་ཚོས་ལྗོན་ཤིང་གཅིག་སྐྱེས་ནས་ལོ་གྲངས་ཇི་ཙམ་སོང་བ་ ཚུན་རྗེས་སུ་དཔག་ནུས་པ་ཡིན།དེ་ཡང་ལོ་གཅིག་གི་མཚམས་སུ་འགྱུར་བ་ཐེང་གཅིག་སོང་བ་ལྟ་བུ་མིན་པར་ཟླ་བ་རེ་རེ་བཞིན་དང་།དེ་ཡང་ཟླ་རེའི་མཚམས་སུ་བྱུང་བ་ཞིག་མིན་པར་ཉི་མ་རེ་རེ་བཞིན་འགྱུར་བ་དང་དེ་ཡང་ཉིན་མཚན་གྱི་མཐར་བྱུང་བ་ཙམ་མིན་པར་ཆུ་ ཚོད་ནས་སྐར་ཆའི་བར་འགྱུར་བ་འགྲོ་བ་དེས་འདུས་བྱས་གྱི་དངོས་པོ་གཞན་ལ་ཡང་རྒྱས་འདེབ་ནུས་ན་།དང་པོར་མི་འཆི་ཕྱིས་མི་འཆི་། ཞེས་པ་དང་ཇི་ལྟར་མཚུངས། སྐྱེ་དངོས་ཀྱི་རིགས་དེ་འདྲ་ཡིན་སྲིད་མོད་གཏན་དངོས་ཀྱི་རིགས་དེ་དང་མི་མཚུངས་སྙམ་དུ་ཡང་མི་བསམ་ཏེ། དཔེ་ལོ་བརྒྱ་སོང་བའི་བུམ་སྙིང་ཞིག་ལ་མཚོན་ན། ཁོ་རང་གསར་དུ་གྲུབ་པའི་ཉིན་དང་པོ་དང་གཉིས་པ་གཉིས་ཀྱི་བར་ལ་ཡང་གསར་རྙིང་གི་ཁྱད་པར་ཡོད་དགོས་ཤིང་། གལ་སྲིད་དེ་གཉིས་ལ་དེ་འདྲའི་ཁྱད་པར་ཅི་ཡང་མེད་ཚེ། དེའི་ཟླ་དང་པོ་དང་གཉིས་པ་གཉིས་ཀྱི་བར་ལ་ཡང་གསར་རྙིང་གི་ཁྱད་མེད་དགོས་པ་ནས་དེའི་ལོ་ལྔ་བཅུ་དང་བརྒྱ་གཉིས་ཀྱི་བར་ལ་ཁྱད་པར་ཅི་ཡང་མ་སོང་དགོས་པའི་རིགས་པས་རིམ་གྱིས་རྒྱུ་མ་ཕུ་འདེད་བྱས་ན་དེ་འདྲའི་བུམ་པ་དེའི་ལོ་དང་པོ་དང་བརྒྱ་པ་གཉིས་ཀྱི་བར་ལ་ཡང་གསར་རྙིང་གི་ཁྱད་པར་ཡོད་མི་རིགས་པ་ལ་དགོངས་ནས། དང་པོར་མི་འཇིག་ཕྱིས་མི་འཇིག་ཅེས་གསུངས་ན་དེ་དང་། དང་པོར་མི་འཆི་ཕྱིས་མི་འཆི་ཕྱིས་མི་འཆི། ཞེས་པ་དང་མཚུངས་པའི་གནས་ག་ལ་ཡོད་དེ། སྔ་མ་ཕྲ་བའི་མི་རྟག་པ་དང་། ཕྱི་མ་རགས་པའི་དེ་ཡིན་པས་སོ། ཤིན་ཏུ་ཕྲ་བའི་འདུས་བྱས་ཀྱི་སྐྱེ་འགག་ནི་ཚན་རིག་མཁན་པོས་ མཐོང་ནུས་པར་ཡང་མ་ངེས་ཏེ།དེ་ནི་བསྒོམ་པའི་སྟོབས་ལས་བྱུང་བ་རྣལ་འབྱོར་མངོན་སུམ་ཁོ་ནའི་སྤྱོད་ཡུལ་དུ་གསུངས་པས་སོ།།  རྡུལ་ཕྲན་སྐོར་ཀྱི་རྩོད་སྤོང་། ཡང་བྱེ་སྨྲའི་ལུགས་ཀྱི་རྡུལ་ཕྲན་གྱི་རྣམ་བཞག་དང་དངོས་ཁམས་པའི་ལུགས་ཀྱི་ རྡུལ་ཕྲན་གྱི་རྣམ་བཞག་གཉིས་ལས། རྡུལ་ཕྲན་ཞེས་པའི་མིང་ཙམ་ཞིག་ཐུན་མོང་དུ་ཡོད་པས་ཐུགས་ཚིམ་བཞིན་ཡོད་ན་མ་གཏོགས་དོན་གྱི་བར་ཐག་ནི་གནམ་ས་ལས་ཀྱང་རིང་བ་ཞིག་ཡིན་། བྱེ་སྨྲ་སོགས་སངས་རྒྱས་པ་ཚོས་རྡུལ་ཕྲན་གྱི་གོ་དོན་ཆེ་ཆུང་ཁོ་ནའི་ཆ་ནས་བཤད་པ་ལས་རིགས་དང་ནུས་པའི་ ཕྱོགས་སུ་བསམ་བློ་འཁོར་ཐུབ་མེད་།དེའི་དབང་གིས་ཆ་བཅས་དང་ཆ་མེད་། ཐུག་བཅས་དང་ཐུག་མེད་། ཡོད་ པ་དང་མེད་པ་སོགས་འདྲ་མིན་བཅོ་བརྒྱད་སྨྲ་དགོས་བྱུང་ཡོད་ལ།སྨྲས་པ་དེ་དག་གི་ ཁྲོད་ན་ཁུངས་འཁྱོལ་བ་ནི་གཅིག་ཀྱང་མཐོང་རྒྱུ་མེད།རིགས་ཀྱི་ཆ་ནས་འབྱུང་བ་བཞི་ དང་འབྱུང་གྱུར་བཞི་སྟེ་རྡུལ་རྫས་བརྒྱད་དམ་དགུ་ལས་མེད་པར་འདོད་ལ། འདི་ནི་དངོས་པོའི་རྩོམ་གཞི་འབྱུང་བ་བཞི་རུ་སྨྲ་བའི་ནུབ་ལུགས་ཀྱི་ལྟ་བ་རྙིང་པ་དེ་རང་ཡིན་ཟེར་། འདི་ལ་ཉམས་མཚར་ཙམ་དུ་ཐལ་ཕྲེང་ཞིག་བཀོད་ན་། སངས་རྒྱས་པ་དང་དངོས་ཁམས་པས་བཤད་པའི་རྡུལ་ཕྲན་གྱི་རྣམ་བཞག་གཉིས་ཆོས་ཅན་། མིང་ཐུན་མོང་དུ་ཡོད་པ་ཙམ་ཞིག་མིན་པར་ཐལ།དོན་གྱི་ཆ་ནས་ཀྱང་ཐུན་མོངས་ཡིན་པའི་ཕྱིར་ཏེ་། དེ་གཉིས་ཀས་རགས་རྡུལ་ནས་རྡུལ་ཕྲན་ཕྲ་མོའི་བར་ཁས་ལེན་པར་མཚུངས་པའི་ཕྱིར་། འཁོར་གསུམ། ཤེས་བྱ་ཆོས་ཅན་། སངས་རྒྱས་པ་ཚོས་རྡུལ་གྱི་གོ་དོན་བོང་ཚད་ཆེ་ཆུང་གི་ཆ་ཁོ་ནས་གཞལ་བ་ལས་རིགས་དང་ནུས་པའི་ཕྱོགས་སུ་བསམ་བློ་མ་འཁོར་བ་མིན་པར་ཐལ། དེས་ཀྱང་རིགས་དང་ནུས་པའི་རྣམ་བཞག་མཛད་པའི་ཕྱིར་ཏེ་། རིགས་ཀྱི་ཆ་ནས་འབྱུང་བ་བཞི་དང་འབྱུང་གྱུར་བཞི་སྟེ་རྡུལ་རྫས་བརྒྱད་དམ་དགུའི་རྣམ་བཞག་དང་ནུས་པའི་ཆ་ནས་ཀྱང་གཡོ་བ་དང་སྨིན་པ་སྡུད་པ་དང་བསྲེག་པ་སོགས་ཀྱི་རྣམ་བཞག་ཙམ་དུ་མ་ཟད་རྫས་རྣམས་ཀྱི་ནུས་པ་ནི་བསམ་གྱིས་མི་ཁྱབ་པའོ་། ཞེས་པ་ལྟར་རྫས་སྔགས་ཀྱི་ནུས་པའི་ཁྱད་པར་དུ་མ་ཞིག་ཕྱག་ལེན་དུ་ཡང་མཛད་པའི་ཕྱིར་།འཁོར་གསུམ་དངོས་འགལ། ཡང་སངས་རྒྱས་པས་རྡུལ་གྱི་རྣམ་བཞག་མཛད་པ་ན་ཐུག་བཅས་དང་ཐུག་མེད་ཡོད་པ་དང་མེད་པ་སོགས་སུ་སྨྲས་ཀྱང་ཁུངས་སྐྱེལ་བྱེད་མ་ཐུབ་པ་དེ་མིན་པར་ཐལ། བྱེ་སྨྲས་ཆ་མེད་བསྐོར་བ་བར་བཅས་གཡག་རྔ་དང་ནེའུ་སེང་ལྟ་བུ་ནས་མདོ་སྡེ་པས་འབྱར་ལ་མ་རེག་པའི་འདོད་ཚུལ་འཚིན་ཅིང་།དབུ་མ་པ་རྣམས་ཀྱིས་ཆ་མེད་ཐ་སྙད་དུ་ཡང་མ་གྲུབ་མོད་ཆ་བཅས་དེར་གྲུབ་པ་དང་དོན་དམ་དུ་གང་ཡང་མ་གྲུབ་པ་བཅས་ཀྱི་རྣམ་བཞག་གཏན་ཚིག་རྣམ་དག་གི་ལམ་ནས་བསྒྲུབ་བ་ཟིན་པའི་ཕྱིར་རོ་།སྔ་མའི་འདོད་ཚུལ་གྱི་ཆ་འགའ་རེ་ལ་ཕྱི་མའི་རིགས་པས་གནོད་ཙམ་གྱིས་ཁུངས་སྐྱེལ་བྱེད་མ་ཐུབ་པར་འགྱུར་ན་ནི་།འོ་ན་རྡུལ་ཕྲན་སྨྲ་བ་དང་ལྟོས་བཅས་སྨྲ་བའི་ཚན་རིག་པ་ཚོས་ཀྱང་རང་གི་རང་གི་འདོད་པ་ཁུང་སྐྱེལ་བྱེད་མ་ཐུབ་པར་འགྱུར་དགོས་སྟེ་།དེ་དག་ལ་ཡང་ཚད་རྡུལ་སྨྲ་བའི་བའི་བཞེད་པས་གནོད་པའི་ཕྱིར་རོ་།དེ་ལས་གཞན་རྣམ་རིག་པ་ལྟ་བུར་མཚོན་ན་ཡང་ས་དཀྱིལ་སྨྲ་བ་དང་ཉི་དཀྱིལ་སྨ་བ།འཇིག་རྟེན་གྱི་ལྟེ་བ་ཉི་མའི་ཉེ་མཚ྄མས་ཞིག་ཏུ་ངོས་འཛིན་པ་དང་དེ་ལས་ཀྱང་ཆེས་འདས་པ་་ཉི་མ་འཇིག་རྟེན་གྱི་དཀྱིལ་ཡིན་པ་ལས་ཡོངས་སུ་ལྡོག་སྟེ་ཉི་མ་འཇིག་རྟེན་གྱི་འགྲམ་ཞིག་ན་ཡོད་པར་འདོད་པ་སོགས་བྱུང་འདུག་པ་ལྟར་ན་ཁྱེད་ཀྱིས་ནང་པའི་གྲུབ་མཐར་འཕང་བའི་ཐལ་འགྱུར་དེ་དག་རླབས་ཆེན་གྱི་ཚན་རིག་སྨྲ་བ་སྔ་རབས་པ་ཚོའི་དབུ་ཐོག་ཏུ་ཡང་འཁོར་བར་མི་འགྱུར་རམ།་འགའ་ཞིག་གིས་དངོས་པོའི་རྩོམ་གཞིའི་འབྱུང་བཞི་དེ་འབྱུང་བཞི་མཚན་ཉིད་པར་གོ་མི་དགོས་པས་ནུབ་ཕྱོགས་པས་བཤད་པ་དང་མི་འདྲ་ཞེས་པ་ལ། ཁྱོད་ ཀྱིས་དེ་འབྱུང་བཞི་མཚན་ཉིད་པར་གོ་དགོས་ཞེས་འཕུལ་བ་མི་འཐད་པར་ཐལ།དངོས་པོ་གཅིག་ལ་འབྱུང་བ་བཞི་ཚོགས་སུ་ངེས་པར་སྨྲ་མཁན་བྱེ་སྨྲ་ཙམ་ཡིན་ན་དེས་ཀྱང་དངོས་པོ་བུམ་པ་ལྟ་བུའི་སྟེང་དུ་འབྱུང་བ་མེ་རླུང་ལྟ་བུ་ངོ་བོ་ཉིད་ཀྱིས་ཡོད་པར་མི་འདོད་པའི་ཕྱིར་ཏེ་། བྱེད་པ་དང་ངོ་བོས་ཡོད་པ་གཉིས་ལས་བྱེད་པ་ཁོ་ནས་འཇོག་པར་གསུངས་པའི་ཕྱིར་རོ་། མདོ་སེམས་གཉིས་ཀྱིས་ནི་དངོས་པོ་བུད་ཤིང་ལྟ་བུར་རྐྱེན་ཆུས་རླན་པ་དང་མེས་ཚིག་པ་ལྟ་བུའི་ཚེ་འབྱུང་བ་གཞན་གསར་དུ་སྐྱེས་པ་ལས་ངེས་པར་ལྷན་ཅིག་ཏུ་སྐྱེ་བས་ནི་མ་ཁྱབ་བོ་ཞེས་འདོན་ན་ཁྱེད་ཀྱིས་མེ་ལ་རླུང་རྡུལ་ཡོད་པའི་རྒྱུ་མཚན་གཡོ་བ་དང་ ཆུ་ལ་མེ་རྡུལ་ཡོད་པའི་ཤེས་བྱེད་དངོས་རྫས་རུལ་འགྲོ་བ་སོགས་བཀོད་པ་ནི་ཤིན་དུ་འཁྲུལ་ལོ་། ས་ཆུ་མེ་རླུང་བཅས་ནི་རྫས་ འགྱུར་གྱི་སྣང་ཚུལ་ཙམ་ལས་གཞི་རྡུལ་གྱི་གྲས་སུ་མེད་།དཔེར་ན་དབྱང་རྡུལ་གཅིག་དང་ཆིང་རྡུལ་གཉིས་བཅས་རྡུལ་གསུམ་འདུས་པ་ན་ད་གཟོད་ཆུ་ ཡིན་པ་དང་།དབྱང་རྡུལ་གཉིས་འདུས་ཚེ་ད་གཟོད་རླུང་ཡིན་པ་ལྟ་བུ་ཞེས་སྐྱོན་དུ་བརྗོད་པ་ཡང་མི་མཛའ་སྟེ་། འབྱུང་བཞི་རགས་པ་ཙམ་ལ་བསམ་ན་ཁྱེད་ཀྱིས་སྨྲས་པ་འདྲ་མོད་ཞིབ་ཏུ་བསམ་ན་དབྱང་ རྡུལ་དང་ཆིང་རྡུལ་ཞེས་པ་དག་ཀྱང་རིགས་ཀྱི་ཆ་ནས་འབྱུང་བ་རླུང་ངམ་ཆུའི་རྡུལ་ ཕྲ་མོ་ཉིད་དུ་འདོད་ནུས་པས་སོ། ངོ་བོ་གསེར་དངུལ་ཟང་ལྕགས་སོགས་གཞི་རྡུལ་མི་འདྲ་བ་བརྒྱ་དང་བཅུ་ལྷག་རྙེད་ཡོད་ པ་ལས་གསེར་དངུལ་ཟང་ལྕགས་ང་ཚོས་ཀྱང་མ་རྙེད་པ་མིན་མོད་དེ་འདྲའི་རྣམ་བཞག་མང་ པོ་ཞིག་ཆོས་གཞུང་ནང་མ་མཛད་པ་ནི་བདེན་ནོ་།དེ་ལྟར་མ་མཛད་པར་རྒྱུ་མཚན་གཏན་མེད་ པའང་མིན་པས། འོ་ན་ང་ཚོའི་ལྟ་གྲུབ་མཁན་པོ་ཚོས་དེ་དག་མ་མཁྱེན་ནོ་ཞེས་མཐའ་གཅིག་ཏུ་བསམ་པར་ ཡང་མི་བྱ་ཏེ་། ང་ཚོའི་གཞུང་ལུགས་ཀྱི་གཏན་ལ་དབབ་བྱེད་ནི་མངོན་རྗེས་གཉིས་དང་དབབ་བྱ་མངོན་ལྐོག་གཉིས་ཙམ་ཡིན་ན་དེ་འདྲའི་ཕྲ་རྡུལ་གྱི་རིགས་དུ་མ་ཞིག་ནམ་ཡང་མངོན་རྗེས་དཀྱུས་མའི་ཡུལ་དུ་མི་འགྱུར་པས་སོ།འོ་ན་རྡུལ་ཕྲན་ཕྲ་མོ་ལ་ཡང་མཚུངས་སོ་སྙམ་ན་། བདེན་མོད་།རགས་རྡུལ་དང་ཕྲ་རྡུལ་གཉིས་རྩོམ་གཞི་རྩོམ་ཆོས་ཀྱི་འབྲེལ་བའི་སྟོབས་ལས་རྗེས་སུ་དཔག་ནུས་མོད་། གཞན་ལ་ནི་རྗེས་སུ་དཔག་པ་ཙམ་ཡང་མི་འཇུག་པས་གཏན་ལ་འབེབ་པའི་རྣམ་བཞག་དག་མ་མཛད་པ་ཡིན་ནོ་། ཡང་ན་རྣམ་རྣམ་པར་བཞག་པ་འདི་ཙམ་ཞིག་བདེན་བཞིའི་གནས་ལུགས་རྟོགས་པར་མཁོ་བས་ཐར་ བ་འདོད་པ་རྣམས་ཀྱི་ལྟ་གྲུབ་དང་འབྲེལ་ལ་ཤིན་ཏུ་ཕྲ་མོའི་རྣམ་གཞག་གཞན་ནི་མིན་པས་དེ་དག་གཏན་ལ་དབབ་པའི་རྣམ་པར་བཞག་པ་མ་མཛད་དོ་ཞེས་ཀྱང་རུང་ངོ་།

རྡུལ་གྱི་རྣམ་བཞག་ཐབས་སུ་གྱུར་པ་དང་།

བདེན་བཞིའི་གནས་ལུགས་ཐབས་ལས་བྱུང་ན་ཡང།

ཆེས་ཕྲའི་རྡུལ་རྣམ་རྫས་ཀྱི་སྟོབས་ཀྱིས་མཇལ་།

དེ་འདྲའི་སྤྲོས་པ་ཐར་བའི་ཐབས་ལས་གཡེལ།
རྣམ་འགྲེལ་སྐོར་གྱི་རྩོད་སྤོང་། ཡང་ཁྱེད་ཀྱིས་རིགས་པའི་དབང་ཕྱུག་་ཆོས་ཀྱི་གྲགས་པ་འགོག་པར་འདོད་པའི་རྒྱུ་ཐབས་ཀྱིས་འདི་སྐད་དུ། ཚད་མ་རྣམ་འགྲེལ་ལས།་ རྒྱུ་འབྲས་དང་རྗེས་དཔག་ཁས་མི་ལེན་ཞིང་།ལུས་ཆ་མེད་དང་དབུགས་ རྟག་པར་འདོད་པ་སོགས་མེད་སྨྲའི་ལྟ་གྲུབ་ཀྱི་ཆག་རོ་འགའ་ཞིག་ཆེད་དུ་བསལ་ཏེ། དེར་དགག་སྒྲུབ་རྒྱས་ཤིང་རྒྱས་པ་ཞིག་གནང་འདུག་པ་སྐབས་དེའི་ཕྱོགས་སྔ་དེ་ཚོར་ ཕྲན་བུ་རེ་སོང་ཡོད་ཤས་ཆེ།སྤྱིར་ནི་རིགས་པ་ཕལ་མོ་ཆེ་རྩིང་ཧྲུལ་གནད་མ་ཟིན་པ་ འབའ་ཞིག་ལས་བསྒྲུབ་བྱ་ལ་ངེས་ཤེས་འདྲེན་པ་དག་ལྟ་ཅི་སྟེ།ད་རེས་ཏོག་ཙམ་འདྲ་ཆགས་པོ་ཞིག་གསུངས་སོང་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་སྐྱེད་ནུས་པ་ཤིག་ཀྱང་ ཕལ་ཆེར་མེད་པའི་ཚོད་རེད།དཔེར་ན།ལུས་ལས་སེམས་སྐྱེ་ན་ལུས་ཡོངས་རྫོགས་ལས་ སྐྱེའམ།ཆ་ཤས་རེ་རེ་ལས་སྐྱེ།ཡོངས་རྫོགས་ལས་སྐྱེ་ན་མཛུབ་མོ་ཆད་པའི་མི་ལ་སེམས་ མི་སྐྱེ་པར་ཐལ།ཆ་ཤས་རེ་རེ་ལས་སྐྱེ་ན་རྡུལ་གྱི་གྲངས་བཞིན་དུ་སེམས་ཀྱང་མང་དུ་ སྐྱེ་བར་ཐལ།ཞེས་པ་ལྟ་བུ་བསམ་གཞིག་གནད་ལ་ཡེ་ནས་མ་འབྱོར་བ་དང་།ལུས་སེམས་གཉིས་ ལ་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་ན་ལུས་ཅི་ཙམ་རྒྱགས་པ་ན་སེམས་ཀྱང་དེ་ཙམ་དུ་ བསལ་ཞིང་རྒྱས་པར་ཐལ།ཞེས་པ་ལྟ་བུ་རིགས་ལམ་སྟབས་བདེ་ཐག་ཆོད་པ་དང་།ལུས་སེམས་ ཀྱི་ཉེར་ལེན་ནམ།ཡང་ན་ལུས་སེམས་བདག་ཉིད་གཅིག་ཡིན་ན་ཤི་བའི་རོ་ལ་ཡང་སེམས་གནས་ དགོས་པར་ཐལ།ཞེས་པ་ལྟ་བུ་དོན་མེད་ཁ་ཁྲལ་འཇལ་བ་ཙམ་དང་། ལུས་སེམས་གཉིས་པོ་ཡོན་ཏན་དང་ཡོན་ཏན་ཅན་ཡིན་ན་སེམས་ཀྱི་ཡོན་ཏན་ལུས་ཐོག་ནས་མཐོང་ཐུབ་པར་ཐལ། ཞེས་པ་ ལྟ་བུ་ཁྱབ་འབྲེལ་ངེས་པ་མེད་པ་དང་།རྒྱུ་ཚོགས་གྲངས་ཚང་གི་ཚུལ་དུ་འབྲེལ་ན་དུག་ གིས་ཤི་བའི་རོ་ལ་དུག་སེལ་བྱས་ཚེ་གསལ་རིག་སླར་ཡང་སྐྱེ་འོང་བར་ཐལ།ཞེས་པ་ལྟ་ བུ་མཐའ་དཔྱད་ཡག་པོ་མ་བྱས་པ་སྟེ་རིགས་ལམ་མང་ཤོས་འདི་དང་འདི་འདྲ་བ་ཤ་སྟག་རེད་ བཞག མེ་ ཇི་ཙམ་གྱིས་ཤུགས་ཆེར་འབར་ན་དུ་བ་དེ་ཙམ་གྱིས་དྲག་ཏུ་འཕྱུར་མི་དགོས་པ་བཞིན་ རྒྱུ་དང་འབྲས་བུའི་འབྲེལ་བ་གྲུབ་ཕྱིན་ཆད་མཐའ་གཅིག་ཏུ་འཕེལ་འགྲིབ་རྗེས་སུ་ འགྲོ་ལྡོག་ཡོད་མི་དགོས།ལུས་སེམས་བདག་ཉིད་གཅིག་ཡིན་པའི་དབང་དུ་བཏང་རུང་འདུ་ འབྲལ་མེད་པས་མ་ཁྱབ་པ་ནི་ལྕགས་གོང་དང་དེའི་དམར་འབར་བ་ནང་བཞིན་རེད།ཆང་མ་འཐུང་ གི་བར་དུ་མྱོས་པའི་ནུས་པ་ཧ་མི་གོ་བ་བཞིན་ཡོན་ཏན་དང་ཡོན་ཏན་ཅན་གྱི་འབྲེལ་ བའང་རྣམ་པ་ཐམས་ཅད་དུ་གཅིག་གྱུར་དུ་བསྡད་མེད།གསོན་ལུས་སེམས་ཀྱི་རྒྱུ་ཚོགས་གྲངས་ཚང་ཡིན་སྲིད་ཀྱང་།དབུགས་དང་། དྲོད་དང་སྲོག་བཅས་ཡོད་ཚད་སོང་ཟིན་པའི་རོ་ཐོག་ ཏུ་བསམ་བློ་རང་འཇགས་སུ་ལོག་འོང་བའི་ངེས་པ་ག་ལ་ཡོད།སྐྱེ་དངོས་རིག་པ་དང་།ཚེ་ སྲོག་གི་སྐྱེ་འཕེལ་ལ་ཆ་རྒྱུས་ཕྲན་བུ་ཡོད་པའི་དེང་གི་ཚན་རིག་པ་ཞིག་ཡིན་ན་ གོང་གི་རིགས་པ་དེའི་གྲས་ལ་བསམ་བློ་གཏོང་རིན་ཅུང་ཙམ་ཡང་མེད་ཅིང་།གཞན་སུ་ཞིག་གིས་དེ་དང་དེ་འདྲའི་བགྲོ་གླེང་འདྲ་བྱས་ན་ཁོ་ཚོའི་སེམས་གཏིང་ནས་དགོད་རྒྱུ་ ཡོང་ངེས་རེད།འབྲོག་པ་ཞིག་གིས་ཐག་པའི་སྣེ་གཅིག་ཤེལ་ཏོག་ལ་བཏགས། སྣེ་གཞན་ཞིག་ དེ་ཆུ་ལ་བཏུགས་ནས་གློག་འབར་མིན་ཚོད་ལྟ་བྱས་སྐད་འདུག་པ་དེ་དང་ཤིན་ཏུ་འདྲ་བས་ དགོད་རྒྱུ་ཅི་ལ་མི་འོང་སོགས་བརྒལ་ཁུལ་བགྱིས་པ་ལ། རྣམ་ འགྲེལ་ལས། རྒྱང་འཕེན་པ་ཚོས།ལུས་ལས་སེམས་འབྱུང་ཞིང་། ལུས་ཞིག་ཚེ་གྱང་ལོག་པས་ རི་མོ་མེད་པ་བཞིན་སེམས་ཀྱང་རྟེན་ལུས་མེད་པས་མི་འབྱུང་བར་འདོད་པ་ལ། རྣམ་འགྲེལ་མཁན་པོས། འོ་ན།དབང་པོ་དང་བཅས་པའི་ལུས་ལས་སེམས་འབྱུང་ངམ། དབང་པོ་མེད་པའི་ལུས་ལས་སེམས་སྐྱེ། དབང་པོ་དང་བཅས་པ་ལས་འབྱུང་ ན་དབང་པོ་རེ་རེ་བ་ལས་སྐྱེའམ་དབང་པོ་ཀུན་ཚོགས་པ་ལས་འབྱུང་།རེ་རེ་བ་ལས་སྐྱེ་ཟེར་ན། མིག་དབང་གིས་མཚོན་ཏེ། དེ་འདྲའི་ཡིད་ཤེས་ཆོས་ཅན།ཁྱེོད་ཀྱིས་གཟུགས་གསལ་བར་འཛིན་པར་ཐལ།མིག་དབང་ཁོ་ན་ལས་སྐྱེས་པའི་རྣམ་ཤེས་ཡིན་པའི་ཕྱིར།དཔེར་ན།གཟུགས་འཛིན་མིག་ཤེས་བཞིན་ཞེས་པའི་རྟགས་གསལ་དང་།དེས་དབང་པོ་གཞན་ལས་འབྱུང་བ་ལའང་མཚོན་ནོ། དབང་པོ་ཀུན་ཚོགས་པ་ལས་སྐྱེ་ན། མིག་བཙུམ་ཚེ་དེ་འདྲའི་ཡིད་བློ་མི་སྐྱེ་བ་འམ་ཡུལ་ལྔ་ཀ་གསལ་བར་འཛིན་པའི་ཡིད་བློ་གཅིག་ཆར་དུ་སྐྱེ་བར་འགྱུར་པའི་ཐལ་འགྱུར་དང་། གལ་ཏེ་དབང་པོ་དང་བྲལ་བའི་ལུས་དེའི་རྒྱུ་ཡིན་ནོ་ཞེ་ན།དེ་ འདྲའི་ཡིད་ཤེས་ཆོས་ཅན།སྐྲ་སེན་སོགས་ལས་ཀྱང་སྐྱེ་བར་ཐལ།ཁྱོད་དབང་པོས་མ་ཟིན་ པའི་ལུས་ལས་འབྱུང་བའི་ཕྱིར་ཞེས་དང་།ཡང་བརྟགས་པའི་རྣམ་གྲངས་གཞན།གལ་ཏེ་ལུས་ ལས་སེམས་སྐྱེ་ན།འོ་ན་ཡན་ལག་ལས་སྐྱེའམ་ཡན་ལག་ཅན་ལས་སྐྱེ།ཡན་ལག་ལས་སྐྱེ་ན་ཡན་ལག་རེ་རེ་བ་ལས་སྐྱེའམ་ཀུན་ཚོགས་པ་ལས་སྐྱེ། རེ་རེ་བ་ལས་སྐྱེ་ན་གང་ཟག་གཅིག་ལ་ དུས་གཅིག་ཆར་ཡན་ལག་དང་རྡུལ་གྱི་གྲངས་བཞིན་ཡིད་བློ་དུ་མ་འབྱུང་དགོས་པ་ དང་།ཚོགས་པ་ལས་སྐྱེ་ན་རྐང་ལག་དང་མི་ལྡན་པའི་གང་ཟག་ལ་ཡིད་བློ་མི་སྐྱེ་བར་ཐལ་ བ་སོགས་ཀྱི་གནོད་བྱེད་བརྗོད། འོན་ཏེ་ཡན་ལག་ཅན་ལས་འབྱུང་ངོ་ཟེར་བ་ལ། འོ་ན་དེ་ འདྲའི་ཡན་ལག་ཅན་དེ་ཡན་ལག་རྣམས་ལས་གཅིག་གམ་ཐ་དད།ཅེས་སོགས་བརྒལ་བརྟགས་ཀྱི་ལམ་ ནས་ཡན་ལག་ཅན་དང་སྤྱི་དངོས་འགོག་པའི་རིགས་པའི་རྣམ་གཞག་རྒྱས་པར་མཛད་པ་ལྟར་ན། གོང་གི་ཐལ་འགྱུར་དེའང་བརྟག་མཐའ་བཟུང་སྟེ་གཞན་གྱི་ཁས་བླངས་ལ་བཀོད་པ་ཞིག་ལས། རང་ལུགས་ཀྱིས་གྲུབ་པའི་ཁྱབ་འབྲེལ་མིན་ན།ཁྱོད་ཀྱིས་བསམ་གཞིག་གནད་ལ་ཡེ་མ་འབྱོར་བ་ཞེས་པ་ལྟ་བུ་མིག་གསོན་པོ་ལ་ཐལ་བ་ཤི་རོ་ཁྱེད་ཀྱིས་ཀྱང་མི་འདེབས་པར་ཞུའོ།།ཡང་དབུགས་ སེམས་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་ན།དབུགས་ལ་འཕེལ་འགྲིབ་བྱུང་བ་ལས་བློ་ལ་ཡང་ ཕུལ་དུ་བྱུང་བ་དང་འགྲིབ་པ་ཐོབ་པར་འགྱུར་ཏེ།མར་མེ་ཤུགས་ཆེ་ཆུང་ལས་དེའི་འོད་ ལ་འཕེལ་འགྲིབ་འབྱུང་བ་དང་།རྟེན་ལུས་ཀྱི་གཡོ་འགུལ་ལས་བརྟེན་པ་གྲིབ་གཟུགས་ལ་ཡང་གཡོ་འགུལ་གྱི་ཁྱད་པར་འབྱུང་བ་བཞིན་ཞེས་བཀོད་ནས།རང་གི་ལུགས་ལ་ལུས་རྒྱགས་ཅིང་འཕེལ་བ་ལས་སེམས་གསལ་ཞིང་རྒྱས་པ་མིན་པ་རྒྱུ་མཚན་དུ་བཟུང་ནས་སེམས་ལུས་ ཀྱི་ཉེར་ལེན་ཅན་མ་ཡིན་པར་བསྒྲུབས་འདུག་མོད།ཁྱོད་ཀྱིས་དེ་ལ་ཁྱབ་འབྲེལ་མེད་ པའི་དཔེར།མེ་ཇི་ཙམ་གྱིས་ཤུགས་ཆེར་འབར་བ་ན་དུ་བ་དེ་ཙམ་གྱིས་དྲག་ཏུ་འཕྱུར་མི་ དགོས་པ་བཞིན་རྒྱུ་དང་འབྲས་བུའི་འབྲེལ་བ་གྲུབ་ཕྱིན་ཆད་འཕེལ་འགྲིབ་རྗེས་སུ་འགྲོ་ལྡོག་ཡོད་མི་དགོས་ཟེར་བ་ནི་། འགལ་ཁྱབ་བླ་ན་མེད་པ་ཞིག་བསྒྲགས་པ་སྟེ།མེ་ཇི་ཙམ་གྱིས་ཤུགས་ཆེར་འབར་བ་ན་དུ་བ་དྲག་ཏུ་འཕྱུར་བའི་ངེས་པ་མེད་པ་ནི་རྒྱུུ་འབྲས་ལ་འཕེལ་འགྲིབ་ཀྱི་རྗེས་སུ་འགྲོ་ ལྡོག་མེད་པས་མིན་པར་དེ་ནི་། མེ་དུ་ བའི་ཉེར་ལེན་མ་ཡིན་པ་དང་།མེ་ཤུགས་དྲག་པས་དུ་བའི་ཉེར་ལེན་བུད་ཤིང་རྫོགས་འགྲོ་བའི་རྐྱེན་གྱིས་ཡིན་པ་ལེགས་པར་གོ་ན་དཔེ་དེས་རྒྱུ་འབྲས་འཕེལ་འགྲིབ་ཀྱི་ རྗེས་སུ་འགྲོ་ལྡོག་ལ་གནོད་པ་ལྟ་ཞོག ཉེར་འབྲས་དང་དེའི་རྒྱུའི་རྗེས་སུ་འགྲོ་བ་དང་ལྡོག་པའི་གནས་ལ་ངེས་པ་ལེགས་པར་སྟེར་བ་ཡོད་དོ། བུད་ཤིང་མང་དུ་བསྣན་ཚེ་མེ་དྲག་ཀྱང་དུ་བ་ཤུགས་ཆེར་འབྱུང་བའང་དེའི་གནད་ལས་སོ། འོ་ན། མེ་ ཆོས་ཅན།དུ་བའི་རྒྱུ་མིན་པར་ཐལ།ཁྱོད་དང་དུ་བ་ལ་དེ་འདྲའི་རྗེས་སུ་འགྲོ་ལྡོག་གི་འབྲེལ་བ་མ་གྲུབ་པའི་ཕྱིར་ཟེར་ན།རྒྱུ་འབྲས་ཙམ་ལ་འཕེལ་འགྲིབ་གྱི་རྗེས་སུ་འགྲོ་ལྡོག་ཡོད་དགོས་པ་སུས་སྨྲས། དེ་བས་སུ་ཞིག་གི་རིགས་ལམ་སྟབས་བདེ་ཐག་ཆོད་མིན་དཔྱོད་ལྡན་རྣམས་ཀྱིས་གཟིགས་དང་ ཤེས་པར་འགྱུར་རོ།།ལུས་སེམས་ཀྱི་ཉེར་ལེན་ཡིན་ན་ཤི་བའི་ལུས་ལ་སེམས་སླར་ལྡོག་ པར་ཐལ་བ་ནི།རྒྱང་འཕེན་པས་ཡིད་བློའི་རྒྱུན་གྱི་སྐད་ཅིག་མ་དང་པོ་དེ་མངལ་གནས་ ཀྱི་ལུས་ལས་བྱུང་བར་འདོད་པ་ལ་འཁྲི་བ་ཡིན་ན།ཁྱོད་ཀྱིས་གསོན་ལུས་སེམས་ཀྱི་ རྒྱུ་ཚོགས་གྲངས་ཚང་ཡིན་སྲིད་ཀྱང་དབུགས་དང་དྲོད་སོགས་ཚང་མ་སོང་ཟིན་པའི་རོ་ཐོག་ཏུ་བསམ་བློ་རང་འཇགས་སུ་ལོག་འོང་པའི་ངེས་པ་ཅི་ལ་ཡོད་སོགས་ཟེར་བ་ཡང་ཁ་རྒྱག་པ་བཤད་པ་ཙམ་ལས་འབྲེལ་ཅི་ཡང་མེད་ དེ། དེ་འདྲའི་མངལ་གནས་ཀྱི་ལུས་དེ་གསོན་ལུས་མ་ཡིན་པའི་ཕྱིར་ཏེ།དེ་ལ་དབུགས་དང་ སེམས་མེད་པའི་ཕྱིར།དེར་ཐལ། དེ་ལ་ད་དུང་ཡིད་ཀྱི་རྣམ་པར་ཤེས་པ་ཞུགས་རྒྱུ་ཡིན་པའི་ཕྱིར་ཏེ།ཡིད་ཤེས་སྐྱེ་ ཁ་མའི་མངལ་གནས་ཀྱི་ལུས་ཡིན་པའི་ཕྱིར་ན་དོན་་མེད་ཀྱི་ཁ་ཁྲལ་སུས་མཇལ་ཡོད་ཤེས་སླའོ།།ཡང་ལུས་སེམས་བདག་ཉིད་གཅིག་ཡིན་རུང་འདུ་འབྲལ་མེད་པས་མ་ཁྱབ་པ་ནི་ལྕགས་ གོང་དང་དེའི་དམར་འབར་བ་ནང་བཞིན་རེད་ཟེར་བ་དེ་ཡང་ག་ལ་མཚུངས་སྟེ།ལྕགས་གོང་དང་དམར་འབར་བ་ལྟ་བུ་རྐྱེན་དང་བྲལ་ན་ཆུ་ཚོད་གཅིག་ཙམ་ཡང་ལྷན་ཅིག་ཏུ་སྡོད་མི་ནུས་པའི་རིགས་ལ་རང་བཞིན་གཅིག་དུ་སོང་བ་ཙམ་གྱིས་འདུ་འབྲལ་མེད་པས་མ་ཁྱབ་མོད། ལུས་སེམས་ལྟ་བུ་ལོ་དང་ཟླ་བའི་བར་ཇི་སྲིད་རྒྱུན་ལྷན་ཅིག་ཏུ་འཇུག་པ་ཁྱབ་མཉམ་པའི་ཆོས་ཀྱི་རིགས་ལ་འདུ་འབྲལ་མེད་དགོས་པ་ ནི་།བསྲེགས་ཟིན་སླར་ལྡོག་པར་མི་རུང་བ་བུད་ཤིང་ལྟ་བུ་དང་།སླར་ལྡོག་པར་འགྱུར་ བའི་རིགས་སུ་གནས་པ་གསེར་གྱི་ཞུ་བ་ལྟ་བུ་སྟེ་གཉིས་སུ་གསུངས་བ་བཞིན་ནོ།།དུས་ གསལ་ཐ་དད་མེད་པའི་ཕྱིར།།དེ་ལྟར་ལུས་ལའང་ཡོན་ཏན་འགྱུར།།ཞེས་ལུས་སེམས་ཀྱི་ ཉེར་ལེན་དུ་ཁས་བླངས་པ་ལ། འོ་ན་བརྟེན་པ་མར་མེའི་འོད་ལ་གསལ་མི་གསལ་གྱི་ཁྱད་པར་བྱུང་ན།རྟེན་མར་མེ་ལ་ཡང་མེ་ཤུགས་ཆེ་ཆུང་ལྟ་བུའི་འགྱུར་བ་དམིགས་པ་དང་། བརྟེན་ པ་གྲིབ་གཟུགས་ལ་འགྲེང་པོ་ནས་གུག་པའི་ཁྱད་པར་ཡོད་ཚེ་དའི་རྟེན་ ལུས་ལ་ཡང་དགྱེ་བ་དང་སྒུར་བའི་ཁྱད་པར་མཐོང་དུ་ཡོད་པ་བཞིན།སེམས་ལ་བཟོ་སོགས་ ཀྱི་ཡོན་ཏན་ཁྱད་པར་བ་རེ་བྱུང་ན།ལུས་ལ་ཡང་ཁྱད་པར་མི་འདྲ་བ་རེ་གསར་དུ་དམིགས་དགོས་པར་ཐལ་ཏེ། ལུས་སེམས་ཀྱི་ཉེར་ལེན་ཡིན་པའི་ཕྱིར།ཞེས་པའི་དོན་ཡིན་པ་ལ། ཁྱོད་ཀྱིས་ལུས་སེམས་གཉིས་ཡོན་ཏན་དང་ཡོན་ཏན་ཅན་ཡིན་ན།སེམས་ཀྱི་ཡོན་ཏན་གང་ ཡིན་ལུས་ཐོག་ནས་མཐོང་ཐུབ་པར་ཐལ།ཞེས་པ་ལྟ་བུ་ཁྱབ་འབྲེལ་ངེས་པ་མེད་པ་དང་།རྒྱུ་ཚོགས་གྲངས་ཚང་གི་ཙུལ་དུ་འབྲེལ་ན་དུག་གིས་ཤི་བའི་རོ་ལ་དུག་སེལ་བྱས་ཚེ་གསལ་རིག་སླར་སྐྱེ་འོང་བར་ཐལ་ཞེས་པ་ལྟ་བུ་ཟེར་བ་ཡང་ཕྱོགས་སྔའི་ནམ་མ་ལངས་པར་དགག་པའི་ཉི་མ་ཤར་བའི་དཔེར་ཟད་དེ། ཕྱོགས་སྔ་མས་སེམས་ལ་ཡོན་ཏན་ཁྱད་པར་རེ་ཐོབ་ན་དེའི་རྐྱེན་གྱིས་ལུས་ལ་ཡང་ཡོན་ཏན་ཁྱད་པར་གཞན་མི་འདྲ་བ་རེ་རེ་དགོས་ པར་ཐལ་བ་ལས་སེམས་ཀྱི་ཡོན་ཏན་གང་ཡིན་ལུས་ཐོག་ནས་མཐོང་བར་ཐལ་བའི་ཐལ་འགྱུར་ ཞིག་མ་མཛད་པས་སོ།།དེ་བཞིན་ཁྱེད་ཀྱིས་གསོན་ལུས་སེམས་ཀྱི་རྒྱུ་ཚོགས་གྲངས་ཚང་ ཡིན་སྲིད་ཀྱང་དབུགས་དང་དྲོད་སྲོག་བཅས་ཡོད་ཚད་སོང་ཟིན་པའི་རོ་ཐོག་ཏུ་བསམ་ བློ་རང་འཇགས་སུ་ལོག་འོང་པའི་ངེས་པ་ག་ལ་ཡོད་ཅེས་གནོད་བྱེད་བརྗོད་པ་ཡང་འབྲེལ་ བ་མེད་དེ།ཕྱོགས་སྔ་མས་ལུས་ཙམ་ལས་སེམས་སྐྱེ་བར་འདོད་ཀྱི།གསོན་ལུས་ལས་སྐྱེ་ ཞེས་ཁས་མ་བླངས་ཞིང་ལེན་པར་ཡང་མི་ནུས་པ་ནི་སེམས་མེད་ཀྱི་ལུས་ལ་དྲོད་དབུགས་མི་སྲིད་པས་སོ། གལ་ཏེ་ཁྱེད་ཀྱི་ཞེ་འདོད་ཡིན་པའི་དབང་དུ་བཏང་རུང་དབུགས་ལས་སེམས་མི་ འབྱུང་བ་ཙམ་དུ་མ་ཟད་དབུགས་སེམས་ཀྱི་རྒྱུ་ཅན་ཉིད་དུ་རྣམ་འགྲེལ་ལས་རིགས་པ་རྣམ་དག་གིས་བསྒྲུབ་འདུག་པས་རེ་བ་མེད་དོ་། སྐབས་འདིར་བློ་ལྡན་རྣམ་པས་ལེགས་པར་དཔྱོད་དང་སུ་ཞིག་གི་རིགས་ལམ་རྩིང་ཧྲུལ་ དང་། དེ་བཞིན་གནད་ལ་མ་འབྱོར་བ་། མཐའ་དཔྱོད་ལེགས་པོ་མ་བྱས་པ་དང་དགོད་རྒྱུ་སུ་ལ་འོང་བཅས་ནི་ཤེས་འོང་ངོ་།

བློ་གསལ་རིགས་པ་མ་སྨིན་པས།

བློ་གྲོས་མཆོག་གི་གཞུང་ལུགས་སྨད་།

སྤྲེལ་རྒན་རྣམས་ཀྱིས་མི་བཟུང་ནས།

མཇུག་མ་མེད་ཅེས་རྒོད་པར་བྱེད་།
མངོན་པའི་འཇིག་རྟེན་ སྐོར་ཀྱི་རྩོད་སྤོང> གླིང་བཞི་གཟའ་སྐར་བཅས་ཀྱི་སྐོར་ལ་ཁྱེད་ནས་དཔྱད་བསྡུར་དང་གོ་སླའི་གསལ་བཤད་དཔེ་མེད་ཞིག་གནང་འདུག་པ་ཡི་རང་བའི་གནས་ལས་ཅི་ཡོད་དེ། རྒྱལ་དབང་གང་གིས། སློབ་ དཔོན་དབྱིག་གཉེན་སྐྱར་དུ་འཇིག་རྟེན་འདིར་ཕེབས་པའི་དབང་དུ་བཏང་ན་ཁོང་གིས་ མངོན་པ་མཛོད་ཀྱི་གནས་བཞི་བ་སྐྱར་བརྩམ་གནང་གི་རེད་ཅེས་ཀུ་རེའི་ཚུལ་དུ་གསུངས་ པ་དང་། མཁས་དབང་དགེ་ཆོས་ཀྱིས་། སངས་རྒྱས་ཀྱི་བསྟན་པར་དོན་དམ་གྱི་ཤ་ཚ་ཞིག་ཡོད་ཚེ་གཙོ་ཕལ་མཐོང་བའི་དགོངས་པ་གུ་ཡངས་མོ་ཞིག་དགོས་པ་ལས་། ལུང་ཚིག་ཕྲ་མོ་ཙམ་ཡང་མ་ཉམས་པར་འཛིན་ཁུལ་བྱས་པས་མི་འོང་ཞེས་དང་། ཉིད་ ཀྱིས་ཆོས་གཞུང་ལས་ཉི་ཟླ་གཟའ་སྐར་ཡོད་ཚད་ཀྱིས་ས་དཀྱིལ་ནས་ཡར་ལ་འབུར་བའི་རི་ བོ་ཆེན་པོ་ཞིག་ལ་གཡས་སྐོར་དང་གཡོན་སྐོར་རྒྱག་བཞིན་ཡོད་པར་བཤད་། འདི་ ནི་སངས་རྒྱས་པ་ཁོ་ནའི་བཤད་སྟངས་ཤིག་མིན་པར་གནའ་རབས་རྒྱ་གར་གྱི་བྲམ་ཟེ་རྣམ་ པས་གཙོས་པའི་ཤར་ཕྱོགས་ཀྱི་འཇིག་རྟེན་ཡོངས་ཁྱབ་ཀྱི་བལྟ་ཚུལ་ཞིག་ཡིན་པར་སྣང་།མངོན་པའི་གཞུང་ལས།འཇིག་རྟེན་ཀུན་གྱི་ལྟེ་བ་ནི་ས་གཞི་ཆེན་པོ་འདི་རང་ཡིན་པ་དང་།ཉི་ཟླ་གཟའ་སྐར་ཡོད་ཚད་ཀྱིས་ས་དཀྱིལ་ནས་ཡར་ལ་འབུར་བའི་རི་བོ་ཆེན་པོ་ཞིག་ལ་གཡས་སྐོར་དང་གཡོས་སྐོར་སྣ་ཚོགས་རྒྱག་བཞིན་ཡོད་པར་བཤད།འདི་ནི་སངས་རྒྱས་པ་ཁོ་ནའི་བཤད་སྟངས་ཤིག་མིན་པར་གནའ་རབས་རྒྱ་གར་གྱི་བྲམ་ཟེ་རྣམ་པས་གཙོས་པའི་ཤར་ཕྱོགས་ཀྱི་འཇིག་རྟེན་ལྟ་ཚུལ་ཡོངས་ཁྱབ་ཅིག་ཡིན་པར་སྣང་།ཅེས་ པ་ལྟར་མདོ་དང་བསྟན་བཅོས་ཁག་ལས་གསུངས་པའི་འཇིག་རྟེན་གྱི་རྣམ་བཞག་ནི་སྐབས་དེ་ དུས་ཀྱི་སྣང་ཚུལ་གཙོ་བོར་བྱས་པ་ཞིག་དང་དེ་ཡང་བྲམ་ཟེ་དང་ཕྱི་རོལ་པ་། སྐར་མཁན་སོགས་འཇིག་རྟེན་ན་ཅི་ལྟར་གྲགས་པ་ལྟར་གྲགས་ཚུལ་དབང་བཙན་པར་བྱས་ཏེ་གསུངས་པ་ཐུན་མོང་གི་རྣམ་བཞག་ཅིག་ཡིན་ན་། དེ་ཉིད་དེང་རབས་ཞིབ་འཇུག་བྱས་པའི་གནས་ཚུལ་དང་མ་མཐུན་ཀྱང་དེ་ཙམ་ཅི་སྐྱོན་ཏེ་གནས་སྣང་བདེན་གཉིས་བཞིན་ནོ། གལ་སྲིད་མཛོད་ནས་བཤད་པ་དེ་དེ་དུས་འཇིག་རྟེན་ཡོངས་ཁྱབ་ཀྱི་བལྟ་ཚུལ་ཞིག་ཡིན་ཚེ་། དབྱིག་གཉེན་སླར་ཡང་བྱོན་པའི་དབང་དུ་བཏང་ན་ཁོང་གིས་འཇིག་རྟེན་བསྟན་པ་གསར་དུ་བརྩམ་པར་ཡང་རིག་སྟེ། ད་ལྟ་ཚན་རིག་པའི་བཤད་པ་དེ་འཇིག་རྟེན་ཡོངས་ཁྱབ་ཀྱི་བལྟ་ཚུལ་ཡིན་པའི་ཕྱིར་རོ། དེ་ལྟར་ན་འཇིག་རྟེན་བསྟན་པའི་སངས་རྒྱས་ཀྱི་གསུང་དེ་དག་དྲངས་དོན་དུ་བཀྲལ་ཡང་རུང་སྟེ་། དགོས་པ་སྐབས་དེའི་འཇིག་རྟེན་གྱི་རྣ་བར་འཇུག་སླ་ཞིང་ཡོངས་གྲགས་དང་མཐུན་པ། དགོངས་གཞི་སའི་གོ་ལ། ཉིང་ དགོས་འཇིག་རྟེན་དང་མཐུན་པར་འཇུག་པས་རང་གི་གདུལ་བྱ་དག་མངོན་མཐོ་དང་ངེས་ལེགས་ ཀྱི་ལམ་དུ་དཀྲི་ནུས་པ་སོགས་དྲངས་དོན་གྱི་ཆོས་གསུམ་ཚང་བའི་ཕྱིར་།དགོས་པ་ནི་ཤིན་ཏུ་ཆེ་བ་ཞིག་སྟེ། སྐབས་དེར་ས་གཞི་རིལ་རིལ་ཡིན་ཞེས་བཤད་ན་མི་སུ་གཅིག་གི་རྣར་མི་འགྲོ་བར་མ་ཟད་སླར་རྒོལ་བར་ཡང་འགྱུར་བ་ང་ཚོ་ཚང་མས་ཧ་གོ་བ་བཞིན་རེད། འོན་ཏེ་ངས་སྟོན་པས་འཇིག་རྟེན་གྱི་རྣམ་བཞག་ཕྲ་མོ་ཚུན་ཆད་ཚང་མ་དོན་ལ་མཁྱེན་ཡོད་ཅེས་ཨུ་ཚུགས་བྱ་རྩིས་མེད་ལ་། དེ་ནི་སུང་ཀྱང་ཐག་གཅོད་བྱ་དཀའ་བ་ཞིག་རེད་། གལ་ཏེ་མ་མཁྱེན་པའི་དབང་དུ་བཏང་རུང་། དེ་འདྲའི་ཧ་ལས་དོན་ཅི་ཡང་མེད་དེ་། རིང་པོ་མཐོང་བའམ་མིན་ཀྱང་རུང་། འདོད་པའི་དོན་ཉིད་མཐོང་བ་ཡི། ཐབས་བཅས་རབ་ཏུ་རིག་མཛད་པ། གང་དེ་ཚད་མ་ཉིད་འདོད་ཀྱི། ཐམས་ཅད་རིག་མཛད་མ་ཡིན་ནོ། ཞེས་དང་། ཐམས་ཅད་འདུས་ནས་ཉན་པ་ལས། བ་གླང་མེད་ཀྱང་སྐྱོན་མ་ཡིན།ཞེས་པ་ལྟར་། གསུང་རབ་ཀྱི་གཏན་ལ་དབབ་བྱའི་གཙོ་བོའམ་ཐུན་མིན་གྱི་བཞེད་པ་མངོན་མཐོ་ངེས་ལེགས་ཀྱི་རྒྱུ་འབྲས་ལས་འཇིག་རྟེན་གྱི་བཀོད་པ་སོགས་མིན་པ་དང་། ཐམས་ཅད་མཁྱེན་པ་ཞེས་པ་དེ་ཡང་ཐར་བ་ཐབས་དང་བཅས་པ་ཐམས་ཅད་མཁྱེན་མཁན་ཞིག་ལས། རྒྱང་རིང་གི་གཟུགས་དང་།རྡུལ་གྱི་གྲངས་སོགས་མཁྱེན་མཁན་ཞིག་ཏུ་ཡང་མ་གསུངས་པའི་ཕྱིར་ཏེ་། རིང་པོ་མཐོང་བའམ་མིན་ཀྱང་རུང་། འདོད་པའི་དེ་ཉིད་མཐོང་བ་ཡིན་།ཞེས་དང་། འདི་ཡིས་སྲིན་བུའི་གྲངས་མཁྱེན་པ། ངེད་ལ་འགའ་ཡང་ཉེར་མཁོ་མེད། ཅེས་འབྱུང་བ་བཞིན་ནོ་། དགོངས་གཞི་གོ་ལ་ཟེར་དོན་ནི། རིང་ མོ་ཞིག་ནས་བསམ་པས་ཇི་ལྟར་བཙལ་ཡང་ས་སྒང་གི་འཇིག་རྟེན་འདི་ལས་གཞན་རི་རབ་དང་ ཆོས་མཚུངས་བའི་དངོས་པོ་ཞིག་ད་བར་སུས་ཀྱང་མ་རྙེད་པའི་རྐྱེན་ལས་སོ། འདི་ཁོ་ནར་རི་རབ་དང་ཆོས་མཚུངས་པ་འགའ་རེ་འཇོག་ཏུ་བཏུབ་པ་ནི། རི་རབ་ལ་ཉི་ཟླས་སྐོར་བ་བཞིན་འདི་ལ་ཡང་ཉི་ཟླས་བསྐོར་བའི་སྣང་ཚུལ་ཙམ་དང་། ཉི་མས་རི་རབ་ལ་བསྐོར་བ་ལས་གླིང་སོ་སོར་ནང་ནུབ་ཀྱི་སྣང་བ་འབྱུང་བ་བཞིན་འདི་ལ་ཡང་ཡོད་པ་དང་། རི་རབ་ལ་གླིང་བཞི་གླིང་ཕྲན་གྱིས་བསྐོར་བ་བཞིན་འདི་ལ་ཕྱོགས་མཚུངས་ཙམ་བརྩི་བཏུབ་པ་མ་ཟད་། རི་རབ་ཀྱི་མཚམས་རྣམས་ཆུས་གང་བར་བཤད་པ་བཞིན་ས་སྒང་འདི་ཡི་ཕྱོགས་མཚམས་རྣམས་ཀྱང་རྒྱ་མཚོ་ཆེན་པོའི་ཆུས་གཏམ་ནས་འདུག་པའི་ཕྱིར་རོ་། ཡང་ དེང་སང་མཁས་དབང་འགའ་རེས་སྔོན་སངས་རྒྱས་བྱོན་སྐབས་རི་གླིང་བཀོད་པ་དེ་འདྲ་ ཞིག་ཡོད་པ་ལ་ཕྱིས་ལས་སྣང་འགྱུར་ནས་འདི་འདྲ་ཞིག་ཆགས་པ་ཡིན་ཟེར་བ་ནི་འཇིག་ རྟེན་གྱི་བྱུང་རིམ་ལ་རྨོངས་པ་དང་། ང་ཚོ་ལ་མི་སྣང་ཡང་གང་ཟག་གཞན་འགའ་ཞིག་ལ་དེ་ལྟར་སྣང་ཟེར་བ་ཡང་ཐུན་མོང་གི་སྣང་ཚུལ་ལ་རྨོངས་པ་དང་། ཡང་མདོ་ལས། ས་ལ་སར་འདུ་ཤེས་པའང་ཡོད་།ས་ལ་ཆུར་འདུ་ཤེས་པའང་ཡོད་ ཅེས་ པ་བཞིན་སེམས་ཅན་འགའ་རེ་ལ་ལེབ་མོར་སྣང་ཡང་འགའ་ཞིག་ལ་ཟླུམ་པོར་སྣང་བ་ཡིན་ཞེས་ ཟེར་བ་ལྟ་བུ་ཐ་སྙད་ཀྱི་རྣམ་བཞག་ལ་རྨོངས་པ་བཅས་ནི་ཁོ་བོས་ཀྱང་གཉན་པར་མི་ བཟོད་དོ། མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་ནས་ངོས་ལ་གསུངས་མྱོང་བ་ཞིག་ལ་། རི་རབ་ནི་ཡོད་པ་འདྲ་སྟེ་གང་ལགས་ཞེ་ན་།ཕྱི་གླིང་བ་ཞིག་གིས་དངོས་སུ་མཐོང་མྱོང་པ། ཁོ་རང་གི་ཟིན་བྲིས་ཤིག་ཏུ་འདི་ལྟར་བཤད་འདུག་སྟེ། རི་རབ་ནི་གྲུ་བཞི་མ་ཡིན་པར་ཟླུམ་གཟུགས་ཤིག་ཏུ་མཆིས། འོན་ སྟེ་ཕྱོགས་བཞིའི་ཁ་དོག་རྣམས་དཀར་སེར་དམར་ལྗང་དུ་ཡོད་སྟབས་རྒྱང་ནས་བལྟས་ཚེ་ དེར་གྲུ་བཞིའི་རྣམ་ཅན་དུ་སྣང་གི་ཡོད་ཞེས་བྲིས་འདུག་སོགས་གསུངས། ཟིན་ བྲིས་དེ་ཡང་ཁོང་རང་ནས་དངོས་སུ་གཟིགས་མྱོང་བ་འདྲ་།ཁོ་བོས་ཀྱང་ནི་དེ་ཕྱོགས་ལ་བསམ་བློ་ མི་ཉུང་ཙམ་རེ་བཏང་མྱོང་ལ་གོ་ལ་ལེབ་མོ་ཡིན་ཆོག་པའི་རྒྱུ་མཚན་ངེས་ཅན་མ་རྙེད་ མོད་། ནམ་ རྒྱུན་གྲོགས་པོ་ཚོ་དང་ལྷན་ཤག་འགྱེད་འདྲ་རེ་བགྱིད་སྐབས་རྩེད་མོ་བདེན་ངེས་ ཀྱི་ཚུལ་དུ་ངས་ཁོང་ཚོ་ལ་ས་གཞི་འདི་ལེབ་ལེབ་ཡིན་ནོ་ཞེས་སྨྲ་དུས། ཁོང་ཚོས་འོ་ན་ཚན་རིག་པས་ཟླུམ་པོ་ཡིན་ཟེར་བ་དང་མི་འགལ་ལམ་ཟེར་། མི་འགལ་ཏེ་། ས་སྒང་འདི་ལེབ་ལེབ་ཡིན་ལ་ཟླུམ་པོ་ཡང་ཡིན་ཆོག་ཟེར་དུས། ཡང་ཁོང་ཚོས་འོ་ན་ལེབ་ལེབ་དང་ཟླུམ་པོ་མི་འགལ་མི་ལམ།གལ་ཏེ་མི་འགལ་ན་སྤོ་ལོ་འདི་ལེབ་ལེབ་རེད་དམ་སོགས་སྨྲ་འོང་། ངས་དེ་ལ། གཞི་ཆུང་ངུ་སྤོ་ལོ་ལྟ་བུའི་སྟེང་ལེབ་ཟླུམ་འགལ་ཡང་ཤིན་ཏུ་ཆེ་བ་ས་གཞིའི་སྟེང་དུ་མི་འགལ་ཏེ་། རི་ ལྡིར་ཤིན་ཏུ་ཆེ་བ་ཞིག་གི་སྒང་ལ་ཕྱིན་ན་དེར་ཐང་ཆེན་པོའི་རྣམ་པ་འདྲ་བ་ཡོད་ ཆོག་པ་ལྟ་བུ་ཡིན་སོགས་སྨྲ་དུས་ཁོང་ཚོས་དེ་ཙམ་རྒོལ་ནུས་གི་མི་འདུག།ཡང་སྐབས་ རེར་ངས་གོ་ལ་ཟླུམ་པོ་ཡིན་པ་གཟའ་སྐར་གཞན་མའི་སྟེང་གི་སྣང་ཚུལ་ཙམ་དང་། ལེབ་ཟླུམ་གཉིས་ཀ་ཡིན་པ་གནས་ཚུལ་རེད་ཅེས་རྩེད་འཇོའི་ཚུལ་དུའང་སྨྲས་མྱོང་ཡོད། གལ་ཏེ་གོ་ལ་འདི་ལེབ་མོ་ཞིག་ཡིན་ཞེས་སྨྲ་འདོད་ན་ནི་། ལེབ་མོ་ཟླུམ་ཤས་ཆེ་བ་ཞིག་རེད་ཅེས་རྒྱུ་མཚན་བཅས་སྨྲ་ན་འོས་འཚམས་ཤིག་ཏུ་མཐོང་བཞིན་ཡོད།དེ་ལྟར་ན་ཚན་རིག་མཁས་ཅན་ཏུའུ་ཆི་ལ།བོད་ཀྱི་མཁས་པ་ཚོས་ས་གཞི་ཟླུམ་གཟུག་སྤོ་ལོ་འདྲ་བ་ཁས་མི་ལེན་ཅིང་ལྡེར་མ་ཁ་སྦུབ་པ་ལྟ་བུ་ཅིག་བཤད་བཞིན་འདུག་།ཁྱེད་ཀྱིས་དེར་དགོངས་ཚུལ་གང་འདྲ་ཡོད་དྲིས་སྐབས་ཁོང་གིས་ཚན་རིག་པའི་ལྟ་བ་རྣམས་རིམ་པས་འགྱུར་བཞིན་ཡོད་དེས་ན་ནང་བསྟན་ཆོས་ལུགས་ནས་བཤད་པ་དེ་ཁོ་ན་འཇིག་རྟེན་གྱི་བདེན་དོན་ཉག་ཅིག་ཡིན་སྲིད་།ཅེས་གསུངས་པ་དང་ཡང་མཐུན་ཤས་ཆེའོ་། ཁོ་བོས་འདིར་ལེབ་མོ་ཞེས་བརྗོད་པའང་ལེབ་ཅང་སླ་ང་ལྟ་བུ་ལ་མི་ཟེར་བས་ལེབ་ཟླུམ་ལྡེར་མ་གཉིས་ཁ་སྦྱར་བ་ལྟ་བུ་ལ་གོ་དགོས།ལྟོས་ འཇོག་གི་དབང་དུ་བྱས་ན་ཡང་རྒྱང་རིང་ནས་བལྟས་ཚེ་ཟླུམ་གཟུགས་གང་ཞིག།ཉེ་བའི་ དྲུང་ནས་བལྟས་ཚེ་ལེབ་མོ་ཡིན་པ་ནི་མངོན་སུམ་གྱིས་གྲུབ་ཅིང་ལེབ་ཟླུམ་གཉིས་ ཀའི་བྱེད་ལས་ཀྱང་ཚང་ནས་ཡོད་པས་སོ། དེ་དག་གི་ཚད་ཀྱང་མདོ་རྒྱ་ཆེར་རོལ་བ་དང་། མཛོད་ལས་བཤད་པ་དག་ཚན་རིག་པས་བཤད་པ་དང་བསྡུར་ཐབས་བྲལ་བས་། དེ་ལ་སྐྱོན་སེལ་རེ་ཅིས་ཀྱང་བྱ་འདོད་ཚེ། མདོ་ དང་བསྟན་བཅོས་ལས་བཤད་པ་རགས་བཤད་ཙམ་དང་ཚན་རིག་ལས་འབྱུང་བ་ཞིབ་མོར་བཤད་པའི་ དབང་དུ་ཐོངས་ཤིག། རྡུལ་དང་འཇིག་རྟེན་མི་རྟག་པ་སོགས་གང་ཡང་ཞིབ་མོར་དཔྱད་པའི་ཆ་འགའ་རེ་ནས་དེང་ དུས་ཀྱི་རྣམ་བཞག་དང་མ་མཐུན་པ་ཙམ་ཞིག་གིས་འཇིག་རྟེན་བསྟན་པའི་མདོ་དང་བསྟན་ བཅོས་མཐའ་དག་བརྗོད་བྱ་མེད་པའི་བརྗོད་བྱེད་ལྟར་དུ་མི་བསམ་སྟེ་།དེ་དག་ཀྱང་ བརྗོད་བྱ་གཙོ་བོའི་དོན་ལ་མི་བསླུ་བ་ནི་རླབས་ཆེན་ཚན་རིག་པ་ཨ་ཡིན་སི་ཐན་གྱིས་རང་ཉིད་ཀྱི་ལྟོས་གྲུབ་ལྟ་བ་དང་ འཇིག་རྟེན་ཁམས་གྱི་བལྟ་ཚུལ་གཏན་ལ་ཕབ་ཟིན་ནས་ལང་ཀར་གཤེགས་མདོ་མཇལ་སྐབས་དེ་ ནས་བསྟན་པའི་འཇིག་རྟེན་གྱི་རྣམ་གཞག་དང་ཁོང་གི་བལྟ་གྲུབ་གཉིས་ལ་སྤྱིའི་ཆ་ནས་ མི་མཐུན་པ་མེད་པ་ཙམ་མ་ཟད་སངས་རྒྱས་པའི་གཞུང་ནས་བསྟན་པའི་རྣམ་བཞག་དག་ཁོང་གི་ བལྟ་གྲུབ་གྱི་རྒྱབ་རྟེན་ལྟར་དུ་སོང་བས་ཚད་མེད་པའི་བསྔགས་བརྗོད་དང་དད་གུས་ མཛད་པ་བཞིན་ནོ་།སྤྱིར་སྔོན་གྱི་ལོ་རྒྱུས་དང་བསྟན་བཅོས་སྒྲུང་རྩོམ་།ཁྱད་པར་ གྲངས་གནས་ཀྱི་སྐོར་སོགས་གང་ལ་ཡང་དངོས་དོན་མིན་པའི་འུད་ཤོབ་ལྟ་བུ་རེ་འདྲེས་ ཡོད་པ་ནི་ཆོས་ལུགས་པ་སྤྱི་ལ་ཁྱབ་པའི་རྒྱུན་ལྡན་གྱི་སྣང་ཚུལ་ལམ་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་གོམ་གྱི་ གྲུབ་ཆ་ཞིག་ཀྱང་ཡིན་པ་འདྲ་ན་སྟོན་པ་ཁོང་གི་གསུང་རབ་ལ་ཡང་དེའི་ཤན་འདྲ་བ་རེ་ ཤོར་བ་ནི་ཅིས་ཀྱང་ཡོད་སྲིད་དོ། ། དེ་ཡང་རྒྱ་གར་གྱི་རྒྱལ་པོ་ཁག་ཅིག་གི་ལོ་རྒྱུས་ནང་ཕྱི་ཡི་རྒྱལ་སྒོ་ནས་ནང་གི་ ཕོ་བྲང་བར་དཔག་ཚད་དུ་མ་དང་བཙུན་མོའི་འཁོར་བཞི་ཁྲི་སོགས་ཡོད་པར་བཤད་པ་དང་གཅེར་བུ་པས་འཇིག་རྟེན་འདུས་པ་ཞེས་བྱ་བའི་ཐར་བ་གདུག་དཀར་པོ་གྱེན་དུ་བསླང་ལྟ་བུ་ཀུ་མུ་དྰ་ལྟར་དཀར་བ་རྒྱར་དཔག་ཚད་འབུམ་ཞེ་ལྔ་ཅན་དུ་འདོད་པ་བཞིན་ ནོ། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་འཆད་སྐབས་མངོན་པའི་གཞུང་ནས་བཤད་པ་དང་།  ཚན་རིགས་མཁན་པོའི་འདོད་པ་གཉིས་རོ་རྒྱབ་ཁུར་ཤ་སྟག་བྱུང་ཡོད།  དེ་ཡང་མངོན་པ་བས་མི་རྣམས་ལྷ་ལས་མར་ལྟུང་བར་འདོད་ལ།  ཚན་རིགས་པས་དུད་འགྲོ་ནས་ཡར་འཕེལ་བར་འདོད།  མངོན་པ་བས་འཇིག་རྟེན་དང་པོ་ཆགས་སྐབས་དུད་འགྲོ་རྣམས་ཀྱང་ད་ལྟའི་མི་དང་འདྲ་བར་སྨྲ་ཤེས་དོན་གོ་བའི་སྤྱང་གྲུང་ཅན་ཞིག་ཏུ་འདོད་ལ།  ཚན་རིག་པས་དེ་དུས་ཀྱི་མི་རྣམས་ཀྱང་ད་ལྟའི་དུད་འགྲོ་བཞིན་གླེན་ཞི་ང་ལྐུག་པ་ཡིན་པར་འདོད།   མངོན་པ་བས་ཐོག་མའི་མི་དེ་ཚོ་ལུས་ལས་འོད་འཕྲོ་ཞིང་བྱ་བཞིན་བྱ་བཞིན་འཕུར་ནས་འགྲོ་བར་འདོད་ལ།  ཚན་རིག་པས་ཐོག་མའི་མི་དེ་ཚོ་ལུས་ལ་སྤུ་སྐྱེས་ཤིང་ཟོག་བཞིན་གོག་ནས་འགྲོ་བར་འདོད། མངོན་པ་བས་ཐོག་མའི་མི་དེ་ཚོ་དགའ་བའི་ཟས་ཀྱིས་འཚོ་བར་འདོད་ལ།    ཚན་རིག་པས་ཐོག་མའི་མི་དེ་ཚོ་ཤ་རྗེན་ཆུ་གྲང་གིས་འཚོ་བར་འདོད།  མངོན་པ་བས་ད་ལྟའི་མི་ལས་གདོད་མའི་མི་རྣམས་གཟུགས་བཟང་ཞིང་ཚེ་རིང་བར་འདོད་ལ།  ཚན་རིག་པས་ད་ལྟའི་མི་ལས་གདོད་མའི་མི་རྣམས་གཟུགས་ངན་ཞིང་ཚེ་ཐུང་བར་འདོད།  མངོན་པ་བས་ད་ལྟའི་མི་ལས་གདོད་མའི་མི་རྣམས་རྣམས་རྣམ་རིག་བཀྲ་ཞིང་ཀུན་སྤྱོད་གཙང་བར་འདོད་ལ།  ཚན་རིག་པས་ད་ལྟའི་མི་ལས་གདོད་མའི་མི་རྣམས་རྣམ་རིག་རྟུལ་ཞིང་ཀུན་སྤྱོད་བཙོག་པར་འདོད།  མངོན་པ་བས་ད་ལྟ་བས་སྔོན་ཆད་འབྱོར་བ་ཆེ་ཞིང་།   གྲོང་ཁྱེར་དང་གྲོང་ཁྱེར་གཞན་པའི་བར་དུ་བྱ་གག་འཕུར་བས་སླེབས་པ་ཙམ་རྒྱས་མྱོང་བར་འདོད་ལ། ཚན་རིག་པས་སྔོན་གྱི་དུས་ཤིན་དུ་དབུལ་ཞིང་མི་ལོ་ཁྲི་ཡི་ཡར་སྔོན་ན་འཛམ་གླིང་འདིར་གྲོང་ཁྱེར་གྱི་མིང་ཙམ་ཡང་མེད་པར་འདོད། མངོན་པ་བས་གནའ་ནས་ད་བར་འཚོ་བའི་ཆ་རྐྱེན་ཇེ་སྡུག་ཇེ་ཞན་དང་མི་གྲངས་ཀྱང་ཇེ་ཉུང་དུ་འགྱུར་འགྲོ་བཞིན་ཡོད་པར་འདོད་ལ།   ཚན་རིག་པས་འཚོ་བའི་ཆ་རྐྱེན་ཇེ་བཟང་དང་མི་གྲངས་ཀྱང་ཇེ་མང་ཡིན་པར་འདོད།  ཅེས་བརྟགས་ཅིང་དཔྱོད་པའི་ཚུལ་འདི་འདྲ་བ་སྤྱིར་ན་ང་ཚོས་ཀྱང་དྲན་མ་ཤེས་པ་མིན་ཅིང་།  འདི་ཁྱོད་ཀྱིས་མངོན་པའི་ཆོས་སྐོར་ལ་བརྗོད་པའི་བརྒལ་བ་ཀུན་ལས་གནག་ཤོས་སུ་འདུག་མོད་དེ་ཡང་ཀུན་མཁྱེན་དགེ་ཆོས་ཀྱིས་གསེར་ཐང་དུ།  རྒྱ་གར་དུ་གྲགས་པའི་རིག་བྱེད་ཀྱི་གཏམ་རྒྱུད་དྲངས་པ་རྣམས་སུ་ཁོང་ཅག་གི་རྫོགས་ལྡན་དང་ཉིས་ལྡན་བཅས་ནས་རྩོད་ལྡན་བར་གྱི་རྣམ་བཞག་ཇི་ལྟར་འབྱུང་བ་དུས་ཚིགས་ཀྱི་ཆ་ནས་ཀྱང་ང་ཚོ་དང་ཕར་ཆེར་བསྒྲིག་ཏུ་བཏུབ་པ་མ་ཟད། དེ་དག་གི་བདེ་སྐྱིད་ཀྱང་མངོན་པ་ནས་བཤད་པ་དང་འདྲ་བར་གསུངས་པ་བཞིན་ཕྱི་ནང་ཐུན་མོངས་ཏུ་ག྄གས་པའི་རྣམ་བཞག་ཏུ་འདུག་པ།སྤྱིའི་ཆ་ནས་དེ་ཡང་སྔ་མ་བཞིན་དྲངས་དོན་དུ་རིགས་པས། དགོངས་པ།  དེ་ལྟར་རྫོགས་ལྡན་ནས་རྩོད་ལྡན་བར་རིམ་པས་འགྲིབ་པའི་རྒྱུ་རྐྱེན་ལས་ཉོན་དུ་གསུངས་པས་སྐྱེ་དགུ་རྣམས་མི་དགེ་བ་ལས་ལྡོག་སྟེ་རྣམ་དཀར་དགེ་བའི་ལས་ལ་འཇུག་པར་འགྱུར་བའམ་འཁོར་བ་ལ་སྐྱོ་བ་བསྐྱེད་པའི་ཆེད་དང་། དགོངས་གཞི་ཁམས་གསུམ་པའི་ལྷ་རྣམས་དགེ་ལས་བྱུང་ན་ཡང་དེ་རྣམས་མར་འོག་ནས་འོག་ཏུ་ལྟུང་བ་ལས་ཉོན་ཀྱི་དབང་གིས་ཡིན་པའམ།  ཡང་ན་སྔོན་རྒྱ་གར་གྱི་རྒྱལ་པོ་མྱ་ངན་མེད་སོགས་དང་བོད་ཀྱི་སྲོང་བཙན་བཅས་ཀྱི་སྐུ་དུས་ན་ཡུལ་དེ་དག་གི་ཆབ་དཔལ་རིག་གསུམ་ཤིན་ཏུ་རྒྱས་པ་ནས་དུས་རབ་ཉི་ཤུའི་བར་རིམ་པས་ཉམས་རྒུད་དུ་སོང་བ་ལྟ་བུ་ལ་དགོས།  དངོས་ལ་གནོད་བྱེད་གང་ཡིན་ཤེས་སླ།  ཡང་ཚན་རིག་པ་འགའ་རེས་རང་རེ་མི་རྣམས་ཀྱི་མེས་པོ་ནི་སྤྲེའུ་ཡིན་ཞིང་། དེ་རྣམས་ཀོ་བ་ཉེད་པ་ལྟར་རིམ་པས་མིར་གྱུར་པའོ་ཞེས་སྨྲས་པ་ན།   རང་རིགས་འགའ་རེས་འོ་ན་ང་ཚོའི་ལོ་རྒྱུས་དག་ལས་བོད་མི་རིགས་འདི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་འདུས་པ་ལས་བྱུང་བར་བཤད་དེ་ཚན་རིག་དང་ཡོངས་སུ་མཐུན་པའི་རིག་གཞུང་ཞིག་གོ།    སྙམ་དུ་སེམས་ཤིང་གཞན་ལ་སྒྲོགས་པ་ན་མང་པོ་ཞིག་འུར་འགྲོག་བྱེད་པ་བདེན་མོད།  ངས་ནི་སྨྲས་པ་དེ་རིགས་ལ་དེ་ཙམ་ངོ་མཚར་དུ་མི་འཛིན་ཏེ། གང་ལགས་ཤེ་ན། སྤྲ་སྤེའུ་དང་མི་གཉིས་ཀྱི་བར་སྲོག་ཆགས་གཞན་དང་བསྡུར་ན་འདྲ་ཆོས་མང་བ་བདེན་མོད། རང་བཞིན་གྱི་ཆ་ནས་བསམ་ན་མི་འདྲ་སའི་ཁྱད་པར་ཡང་གནམ་ས་ལྟ་བུ་ཡིན་པའི་ཕྱིར་རོ། དེ་ཡང་སྤྲ་དང་སྤྲེའུ་ནི་སྲོག་ཆགས་ནང་ཡང་རྩལ་ཆེས་མཐོ་བའི་ཚད་དུ་གླེང་མོད། མི་ལ་ནི་བདེ་རྩལ་ཆེས་དཀྱུས་མ་ཞིག་ལས་མེད་པ་དང།  མི་ནི་སྲོག་ཆགས་ཀུན་གྱི་ནང་སུས་ཀྱང་འགྲན་ཟླ་མེད་པའི་སྨྲ་བའི་དབང་པོ་དེ་ཡིན་མོད། སྤྲ་སྤྲེའི་རིགས་འདི་ཚོ་ནི་སྨྲ་བའི་གནས་ལ་ཆེས་ལྐུག་པའི་ངང་ཚུལ་འདི་ལྟ་བས་ན། ཡང་རྩལ་ཆེས་ཆེ་བའི་སྲོག་ཆགས་ཞིག་ཡང་ཟོར་ཆེས་དམན་པའི་མིར་གྱུར་པ་དང་།  ཡང་དེ་ལས་བཟློག་ཏེ་སྨྲ་བའི་གནས་ལ་ཆེས་ལྐུག་པའི་སྲོག་ཆགས་དུད་འགྲོ་ཞིག་སྨྲ་བ་ལ་མཆོག་ཏུ་མཁས་པའི་མཐོ་རིས་མིར་ཇི་ལྟར་གྱུར་པ་ཡིན་ནམ་སྙམ་དུ་དོན་མི་འགྱུར་གྱི་ཐེ་ཚོམ་ཞིག་ཀྱང་སྐྱེས་སོ།   ཅི་སྟེ་སྤྲེའུ་མིར་གྱུར་པའི་ངང་ཚུལ་འདི་ལ་འཐད་པ་ཞིག་ཡོད་པ་ཡིན་ན།  འོ་ན་ངས་ཀྱང་ཉམས་མཚར་བཅས།མཁའ་ལྡིང་གི་འབྱུང་ཁུངས་བྱིའུ་དང་།  སྟག་གི་འབྱུང་ཁུངས་བྱི་ལ།   གཟིག་གི་འབྱུང་ཁུངས་སྲེ་མོང་།  གཡག་གི་འབྱུང་ཁུང་གླང་གོག་ནས་གླང་པོ་ཆེའི་འབྱུང་ཁུངས་ཕག་པའི་བར་དུ་ཡིན་པར་སྨྲ་ན་ཁྱེད་ཅག་ལ་གནོད་བྱེད་དོན་མཐུན་རེ་བསྟན་དུ་ཡོད་དམ།   རང་རེའི་ཕ་མེས་ཀྱི་ལོ་རྒྱུས་དེར་གལ་ཆེའི་དོན་སྙིང་གཞན་ཞིག་ལྡན་འདུག་པ་ནི་འགྲོ་བ་མིའི་རིགས་འདི་སྤྲ་སྤྲེའུ་ཀྱང་པ་ལས་བྱུང་བ་ཞིག་མིན་པར་མི་མཐུན་པའི་སྲོག་ཆགས་གཉིས་འདྲེས་སྦྱོར་བྱས་པ་ལས་བྱུང་བར་བཤད་པ་འདི་ཡིན། འོན་ཏེ་ཕྱིས་ཀྱི་ཚན་རིག་པ་ཚོས་ལྷོ་སྤྲ་ཞེས་པའི་སྲོག་ཆགས་ཞིག་འགྲོ་བ་མི་ཚོའི་མེས་པོར་འདོད་བཞིན་ཡོད་ཚོད་འདུག་པས།  དེ་འདྲའི་མི་མིན་ཟོག་མིན་གྱི་སྲོག་ཆགས་མ་འདྲ་འདྲ་ཞིག་ཡོད་ན་ནི་ཅི་ཤེས་པས་བསམ་པར་བྱ་འོས་སོ།  ཁ་ཅིག་དེ་ཉིད་ད་ལྟ་ང་ཚོས་བརྙན་འཕྲིན་ལས་མཐོང་མི་རྒོད་ཡིན་ཟེད་མོད་།  སྤར་བྲིས་སོགས་ལས་འབྱུང་བ་ལྟར་ན་ནི་དེ་ཡང་མིན།  མངོན་པ་བས་བསྐལ་པ་ཡ་ཐོག་གི་མི་དེ་ཚོ་འཕུར་ནས་འགྲོ་བ་དང་།  ལུས་ལ་འོད་ཡོད་ཅིང་ཚེ་ལོ་དཔག་མེད་ཐོབ་པ།   ཕོ་མོའི་བར་འདོད་པ་སྤྱོད་པ་མེད་ཅིང་།    ལོངས་སྤྱོད་འབད་མེད་དུ་འབྱུང་ཞིང་བདུད་རྩིའི་ཟས་ཀྱིས་འཚོ་བ་ལས།   སྲེད་པ་དང་སྲོག་འཇོགས་ཀྱི་དབང་གིས་དེ་དག་རིམ་གྱིས་ཉམས་པའི་བཤད་ཚུལ་ལ་བལྟས་ན།  ཆེས་རིང་མོ་ཞིག་ན་རང་རེའི་ཡུལ་ལུང་འདི་ལྷ་ཡི་འགྲོ་བས་བདག་ཏུ་བཟུང་བ་ལས།    དེ་དག་འགྲིབ་ཅིང་སྟོང་པའི་ཤུལ་ན་རྫོགས་ལྡན་ཉིས་ལྡན་སོགས་ཀྱི་རིམ་པས་ལྷ་ལས་ཉམས་པར་གྱུར་པའི་སེམས་ཅན་ཞིག་ད་ལྟའི་མིའི་རིགས་འདིར་གནས་གྱུར་པ་མིན་ནམ་སྙམ་དུ་ཡང་སེམས་སོ། &nbs ཐེག་ཆེན་དང་དུས་འཁོར་ཀྱི་ སྒྱུ་སྐར་སྐོར་ཀྱི་རྩོད་སྤོང་།p;  མངོན་པ་འི་འཇིག་རྟེན་བསྟན་པའི་སྐོར་ལ་སྤྱིའི་འགལ་སྤོངས་དེ་ཙམ་གྱིས་མ་འཐུས་པ་ཆེར་མེད་མོད། ཁྱེད་ཀྱིས་ད་དུང་དུས་ཀྱི་འཁོར་ལོ་དང་ཐེག་ཆེན་ལས་གསུངས་པའི་རྒྱུ་སྐར་གྱི་རྣམ་བཞག་སྐོར་ཁ་ཅིག་ལ་ཆེད་དུ་གཟས་ཏེ་མི་འཐད་པ་བརྗོད་འདུག་པར། མདོར་བསྡུས་ལན་ཀྱི་སྙིང་པོ་ཙམ་རེ་སྨྲ་ན། ཡང་ཁོང་གིས། མདོར་ན་དུས་འཁོར་ནས་བཤད་པའི་སྐར་རྩིས་ཀྱི་རྣམ་གཞག་ལ།གནའ་རབས་ཀྱི་སྐར་རྩིས་པ་རྒན་པོ་ཚོས་ཤ་མིག་ཕལ་པ་ཞིག་ནམ་མཁར་གཏད་དེ་རྩིས་རྒྱབ་ཅིང་།དུས་ཡུན་རིང་མོའི་བར་དུ་ཉམས་མྱོང་བསག ས་པའི་གྲུབ་འབྲས་དེ་ཙམ་མ་གཏོགས།མི་ཕལ་པས་བསྒྲུབ་མི་ཐུབ་ཅིང་ངོ་མཚར་དགོས་པའི་ཐོད་བརྒལ་གྱི་གྲུབ་འབྲས་ཅུང་ཟད་ཀྱང་མེད།རྒྱུ་བའི་གཟའ་རྣམས་ཀྱི་ངོས་འཛིན་བྱེད་སྟངས་དེ་རང་ལ་གཅིག་ལྟོས་དང་།གཏན་ནས་རྩི་མི་འོས་པའི་དབུས་ཀྱི་བརྟན་སྐར་ཉི་མ་དང་།སའི་གོ་ལའི་འཁོར་སྐར་ཟླ་བ་གཉིས་རྒྱུ་སྐར་གྱི་གྲས་སུ་ཚུར་བརྩིས།རྩི་དགོས་ངེས་ཀྱི་ས་ཡི་གོ་ལ་ཕར་ཕུད།སུས་ཀྱང་གོ་རིག་མེད་པའི་སྒྲ་གཅན་ཞེས་པ་ཞིག་རྟོག་བཟོ་བྱས་ཏེ་གཟའ་གྲལ་དུ་ཡར་བཙུད།ཡོད་ངེས་པའི་གནམ་མཚོ་གཤིན་